འཁོར་བ་འདི་ཧ་ཅང་ཆེ།

དུ་སྤྲིན།        2020-11-06

འཁོར་བ་འདི་ཧ་ཅང་ཆེ།

འཕྲུལ་རྟ་ལས་ཇི་ཙམ་བརྒྱུགས་ཀྱང་།

འཁོར་བའི་ཕ་མཐའ་བརྟོལ་མི་སྲིད།

རྒྱང་ཤེལ་ལས་ཅི་ཙམ་བལྟས་ཀྱང་།

འཁོར་བའི་ཡ་མཐའ་གཞལ་མི་ནུས།

ལས་འབྲས་ཀྱི་རྩིས་ཁྲའི་སྟེང་ནས།

འཁོར་བའི་དཀར་ནག་གི་དབྱེ་ཞིབ་མཐོང་ན་

མ་གཏོགས།

ཕྲ་མཐོང་མིག་ཤེལ་གྱོན་ནས་བཙལ་ནའང་།

འཁོར་བ་འདི་གཏིང་ཟབ་པས།

མི་རིགས་འདི་མང་བས།

འཛུམ་མདངས་ཀྱི་འོད་སྣང་དེ་མང་བས།

མིག་ཆུ་དང་ཁ་ཆུ་མཉམ་དུ་བཞུར་བས།

བདེན་རྫུན་གྱི་དབྱེ་བ་ངོ་མ་ཞིག་རྙེད་མི་ཐུབ།

འཁོར་བ་འདི་ཧ་ཅང་ཆེ།

རྩ་བ་ཀླུ་ཡུལ་ན་ཟུག་ཅིང་རྩེ་མོ་ལྷ་ཡུལ་དུ་རྒྱས།

ཞིབ་ཏུ་འཇལ་ན་འཁོར་བ་ནི།

བུད་མེད་རེ་རེའི་མངལ་སྣོད་དུ་ཁྱབ་ཅིང་།

སྐྱེས་པ་རེ་རེའི་སེམས་སྟེང་ནས་ཟགས།

ང་ཚོ་ནི་ཤིང་ཆས་ཀྱི་རིགས་ཤིག་སྟེ།

དུག་གསུམ་གྱི་མེ་ཕུང་དུ་ཚིག་ནས་འཛད་དགོས།

  • ལེ་ཚན་སྔོན་མ།:ངའི་སེམས་ཁོང་གི་དོན་གྲུབ་རྒྱལ།
  • ལེ་ཚན་རྗེས་མ།:ལམ་གྱི་འཆར་སྣང་།