ངའི་སེམས་ཁོང་གི་དོན་གྲུབ་རྒྱལ།

ཧུན.དུར་རོ།        2020-11-06

ཁྱོད་ནི་འགྱུར་མེད་ཀྱི་རི་བོ་ཞིག

ཁྱོད་ནི་རྟག་བརྟན་གྱི་ལྷ་བོ་ཆེ།

ངའི་སེམས་ཁོང་གི་དོན་གྲུབ་རྒྱལ།

ཁྱེད་ནི་རང་གྲོལ་གྱི་སྤྲུལ་སྐུ་མིན་ལ།

དེ་ལས་ཀྱང་ཁྱེད་ནི་སྤྲུལ་སྐུའི་ལས་ཀ་བཞེས་མཁན་ཞིག་ལར་ནས་མིན།

ཁྱོད་ནི་དུས་དང་ནམ་ཞེས་བྱ་བར་ཀློག་འཕྲིན་རྒྱལ་དང་དོན་གྲུབ་རྒྱལ་ཡིན།

ཞེད་སྣང་ཚ་པོ་ཞིག་བྱུང་ངམ།

དུས་རབས་ཉི་ཤུ་པའི་བོད་ཀྱི་དཔའ་བོ་ལགས།

ངའི་སེམས་ཁོང་གི་དོན་གྲུབ་རྒྱལ།

གཞན་དག་གིས་རྨོངས་དད་ཀྱི་ཁུར་བོ་མ་ཐེག་ཚེ་ཁྱེད་རང་དགོད་ཁ་ཤོར་རམ།

གཞན་དག་གིས་སྔོན་ཐོན་གྱི་གོམ་ཁ་མ་འཁྱོར་ཚེ་ཁྱེད་རང་ངུ་སྙིང་བྲོ་འམ།

གཞན་དག་གིས་སྲོལ་རྒྱུན་གྱི་རྟ་ཕོ་མ་སོས་ཚེ་ཁྱེད་ལ་ཧ་ཅང་ཞེད་སྣང་སྐྱེ་འམ།

ཁྱེད་ནི་རྙིང་བ་མཐའ་དག་ཧྲིལ་གྱིས་དོར་གསར་བ་མཐའ་དག་ངང་གིས་བསུ་མཁན་ཞིག་ག་ལ་ཡིན།

ཁྱེད་ལ་གནའ་དེང་ཟུང་འབྲེལ་གྱི་ལྟ་བ་ཡོད་པ་ལས།

གནའ་ལས་ད་འཕགས་ཀྱི་གོམས་གཤིས་མེད།

ངའི་སེམས་ཁོང་གི་དོན་གྲུབ་རྒྱལ།

ཁྱེད་ནི་དུས་རབས་ཤིག་གི་རེ་བ་ཡིན།

ཁྱེད་ནི་དུས་རབས་ཤིག་གི་ལམ་ཁྲིད་པ་ཡིན།

ཁྱེད་ནི་དུས་རབས་ཤིག་གི་སྔོན་ཐོན་པ་ཡིན།

ཁྱེད་ནི་ངའི་སེམས་ཁོང་གི་དོན་གྲུབ་རྒྱལ།

གང་ཞིག་ན། ཁྱེད་ཀྱི་ཐུགས་སྨོན་ལས་འཁྲུངས་པའི་གསུང་རྩོམ་དག་གི་འོད་སྟོང་འབར།

བོད་ཡུལ་ལུང་པའི་སྟོད་སྨད་ཀུན་ན་ཁྱེད་ཀྱི་གསུང་རྩོམ་དག་གི་གོ་འཕང་མཐོ།

ལང་ཚོའི་རྦབ་ཆུ། སྤྲུལ་སྐུ། སད་ཀྱིས་བཅོམ་པའི་མེ་ཏོག་སོགས།

བོད་ཡུལ་གྱི་རི་ལུང་ཐང་གསུམ་ན་སྙན་པའི་གྲགས་པ་འབར།

གཞོན་པ་ཚོའི་སེམས་ངོགས་སུ་ལྷད་མེད་དྭངས་གཙང་གི་འོད་ཐིག་སྦར་མཁན།

ངའི་སེམས་ཁོང་གི་དོན་གྲུབ་རྒྱལ།

དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་གི་ཁྱོད་ཀྱི་བསམ་བློ་དག

ད་ལྟ་ང་ཚོའི་ན་གཞོན་ཚོ་ལ་ཧ་ཅང་མཁོ།

ཁྱོད་ལ་ཅིའི་ཕྱིར་རིག་པའི་དཔའ་བོའི་མཚན་བྱང་མི་གསོལ།

ཁྱོད་ལ་ཐོབ་ཆོག་ཆོག་གི་རང་སྐལ་ཅིའི་ཕྱིར་མི་འཁྱེར།

ངའི་སེམས་ཁོང་གི་དོན་གྲུབ་རྒྱལ།

ལྔ་ལམ་དུ་འགྲོ་བ་ནི་རང་ཉིད་ཕམ་སོང་བའི་དན་རྟགས་ཡིན་ནམ།

གཏན་ནས་མ་ཡིན་ཏེ། དེ་ནི་བླུན་པོ་འགའི་བླུན་རྟགས་རང་ག་མ་དེ་ཡིན།

ཁྱོད་ནི་དུས་དང་ནམ་ཞེས་བྱ་བར་རྒྱལ་ཡོད། རྒྱལ་ཁོ་ཐག་ཡིན།

ངའི་སེམས་ཁོང་གི་དོན་གྲུབ་རྒྱལ།

དོན་དག་ལ་ཤས་ཤིག་ལ་ཁྱོན་ནས་རྒྱུ་མཚན་མི་དགོས།

ཇི་ལྟར་དུ་འདོད་པ་དེ་ལྟར་དུ་ཡིན་ལ།

དེ་ལྟར་དུ་འགྲུབ་ཀྱང་ཡོང་ངེས།

ཡང་སྐབས་རེར་ཇི་ལྟར་གནས་ལུགས་ཡོད་ཀྱང་།

ད་དུང་ཡང་གནས་ལུགས་འཚོལ་དགོས།

བོད་ཀྱི་དུས་རབས་ཤིག་གི་ཨ་ཕ་དང་།

ཡང་ན་དུས་རབས་ཤིག་གི་ནང་སྙིང་སྩོལ་མཁན།

ངའི་སེམས་ཁོང་གི་དོན་གྲུབ་རྒྱལ།

  • ལེ་ཚན་སྔོན་མ།:ས་རུབ་ལ་ཉེ་དུས།
  • ལེ་ཚན་རྗེས་མ།:འཁོར་བ་འདི་ཧ་ཅང་ཆེ།