ས་རུབ་ལ་ཉེ་དུས།

གཞི་ཚང་ཟླ་བ་གྲགས་པ།        2020-11-06

ལམ་རིམ་བློ་སྦྱོང་སྐོར་གྱི་དཔེ་ཆ་དང་རྒྱང་བཀྱེད་ཀྱང་།

དབྱར་ཟླ་ལྔ་པའི་ཆར་སྨུག་གིས།

ང་ཁོ་ནར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འཆད་ཀྱིན་འདུག

རྡོ་བ་ལྟར་སྲ་ཞིང་འཐས་པའི་སྒྱུ་མའི་དཔེ་བརྒྱད་འཆད་ཀྱིན་འདུག

མི་ཚོགས་བྲོས་ཤུལ་གྱི་ལྒང་རྩེད་ར་བ།

ཧ་ཅང་ལྷིང་འཇགས་སུ་གནས་ཀྱང་།

བདག་གི་ནམ་མཁའ་ན་ཀུན་རྟོག་བརྒྱད་ཅུའི་སྤྲིན་

ཕུང་ལང་ལོང་གཡོ།

སྟོན་ཀ་ཚེས་བཞིན་པའི་གཙང་བོའི་བཞུར་སྒྲ་དང་ལྷན་དུ།

ངས་ཆར་བ་གཏན་ནས་འབབ་རྒྱུ་མེད་ན་སྙམ།

བག་ལ་ཉལ་བའི་འབུ་ཚོགས་དང་འདྲ་བར།

ཁྱོད་ཀྱིས་ཀྱང་ག་ཤེད་ནས་ཆར་བ་དྭངས་སྒུག་བྱེད་

བཞིན་ཡོད་ངེས།

དུས་ཚོད་འགའ་འགོར་བ་ན།

མུན་གཏིང་ནས་རུབ་འགྲོ།

ཐ་མར་འབྲལ་དགོས་པ་འཁོར་བའི་ཆོས་ཉིད་ལགས་པས།

ཉི་མ་ནུབ་སྟེ་མུན་ནག་འཚསང་པར་གཟུར་ཐབས་མེད་ཀྱང་།

ཁ་བ་འབབ་ངེས་པའི་ལོ་རབས་དེའི་མ་འོངས་པར།

སླར་ཡང་འུ་གཉིས་ཟུང་འཇུག་གིས།

པར་མིག་ཏུ་ལེན་ཆོག་པའི་གཡའ་དག་པའི་ནམ་མཁའ་ཡོད་མི་སྲིད་ཨང་།

འཁོར་བ་ནི་རྒན་པོ་ཨུ་ཚུགས་ཅན་དེའི་ལག་ནང་གི་

འཁོར་ལོ་དང་འདྲ་ཚེ།

འཇིག་རྟེན་གྱི་ཉི་མ་གསར་བ་ཞིག་ཤར་ངེས།

དེ་ལྟར་ན་ཡང་། འཆི་བ་ཞེས་པའི་སྲིན་མོ་གཏུམ་དྲག་མས།

སྨག་ནག་པའི་མཚན་མོའི་གདུག་རྩུབ་ཁྲོད།

ང་རང་དམར་གསོད་གཏོང་དགོས་པའི་བཀའ་རྒྱ་ལ་གནང་ཞུ་བྱེད་ཐབས་བྲལ།

  • ལེ་ཚན་སྔོན་མ།:སྲིན་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུའི་བོད་ཡུལ།
  • ལེ་ཚན་རྗེས་མ།:ངའི་སེམས་ཁོང་གི་དོན་གྲུབ་རྒྱལ།