སྲིན་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུའི་བོད་ཡུལ།

རྔ་བ་གྲགས་པ།        2020-11-02

གནའ་བོའི་ཆོས་འབྱུང་རྣམས་དང་ངག་རྒྱུན་ཁྲོད།།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ།།

བོད་ཁམས་ཆགས་དབྱིབས་ས་དཔྱད་བགྱིས་པ་ན།།

བོད་ཡུལ་སྲིན་མོ་གན་རྐྱལ་གཟུགས་མཐོང་བས།།

དེ་ལ་ས་གནོན་ལྷ་ཁང་མང་དུ་བཞེངས།།

སྙིང་ཀའི་ས་གནོན་འཕྲུལ་སྣང་གཙུག་ལག་ཁང་།།

ཡན་ལག་ཉིང་ལག་གནོན་པར་བྱེད་པ་ལ།།

མི་འགྱུར་བརྟན་སླད་གཟེར་མ་བཅུ་གཉིས་བཏབ།།

དཔུང་གཡས་སྟེང་དུ་དབུ་རུ་ན་ཀ་ཚལ།།

དེ་ཡི་འོག་ཏུ་གསེར་ཤ་གྷིརྟི་བཞེངས།།

དཔུང་གཡོན་གཡོ་རུ་ཁྲ་འབྲུག་གཙུག་ལག་ཁང་།།

དེ་ཡི་འོག་ཏུ་བཙན་ཐང་ལྷ་ཁང་བཞེངས།།

དཔྱི་གཡས་གཡས་རུ་གཙང་འཕྲང་གཙུག་ལག་ཁང་།།

དེ་ཡི་འོག་ཏུ་དགེ་དྲུང་གི་ལྷ་ཁང་བཞེངས།།

དཔྱི་འགོའི་གཡོན་དུ་རུ་ལག་གྲོམ་པ་རྒྱང་།།

དེ་འོག་འབྲེའི་ལྷ་ཁང་སྟེ་རུ་གནོན་བཞི།།

གྲུ་མོ་གཡས་སུ་བུ་ཆུ་གཙུག་ལག་ཁང་།

གྲུ་མོ་གཡོན་དུ་ལྷོ་བྲག་མཁོ་མཐིང་བཞེངས།

པུས་མོ་གཡོན་དུ་མོན་བུ་དགེ་གནས་བཞེངས།།

པུས་མོ་གཡས་སུ་པྲ་དུམ་རྩེའི་ལྷ་ཁང་།།

དེ་དག་རྣམས་ལ་ཡང་འདུལ་བཞི་ཞེས་གྲགས།།

ལག་མཐིལ་གཡོན་དུ་ཀློང་ཐང་སྒྲོལ་མ་བཞེངས།

ལག་མཐིལ་གཡས་སུ་ལྷོར་བུམ་ཐང་སྐྱེ་ཆུ།

རྐང་མཐིལ་གཡས་སུ་ཚལ་རིགས་སྒྲོལ་མ་བཞེངས།།

རྐང་མཐིལ་གཡོན་དུ་སྤ་གྲོ་སྐྱེ་ཆུ་སྟེ།།

དེ་རྣམས་མཐའ་འདུལ་ལྷ་ཁང་བཞི་རུ་གྲགས།།

གཞན་ཡང་ཕྱོགས་བཞིར་ཁ་གནོན་མང་པོ་དང་།།

བོད་ཡུལ་སྟོད་སྨད་ཀུན་ཏུ་ས་གནོན་བཞེངས།།

དེ་རྣམས་ཆོས་འབྱུང་ལོ་རྒྱུས་ལ་སོགས་སུ།།

རྒྱལ་པོའི་སྐུ་ལུས་ལྔ་སྟོང་སྤྲུལ་ནས་ནི།།

ལྷ་ཁང་སྟོང་དང་རྩ་གཉིས་བཞེངས་སོ་སྐད།།

  • ལེ་ཚན་སྔོན་མ།:གྲོགས་ལ་སྤྲིངས་པའི་ཀ་རྩོམ།
  • ལེ་ཚན་རྗེས་མ།:ས་རུབ་ལ་ཉེ་དུས།