གྲོགས་ལ་སྤྲིངས་པའི་ཀ་རྩོམ།

རྔ་བ་གྲགས་པ།        2020-11-02

ཀ་ཡེ་ཁོ་བོའི་སྙིང་གི་ཞེ་འདྲིས་ཀྱི་གྲོགས་པོ།།

ཁ་ཅིག་ཁ་ནས་ཐོས་པའི་གཏམ་འཆལ་དེ་བདེན་ན།།

ག་དུས་ཡིན་ཡང་ཁྱེད་ཉིད་དྲན་ཤེས་ནི་མེད་པར།།

ང་རྒྱལ་དབང་གིས་སྔོན་མའི་གཉུག་གཤིས་ནི་འགྱུར་སྐད།།

ཅ་ལེ་བ་ཡི་གཏམ་གྱིས་ཉིན་མཚན་ཀུན་འདའ་བའི།།

ཆ་ལུགས་ཆ་མིན་ཆ་ལོག་བྱེད་ཚུལ་དེ་མ་གནང་།།

ཇ་ཡུན་ཙམ་ཡང་མི་བཟོད་ཚུལ་མིན་གྱི་ལས་རྣམས།།

ཉ་ཉུང་མཉམ་བསྲེ་བྱེད་པའི་ངང་ཚུལ་དེ་ཆོས་ཤིག།

ཏ་ལེའི་སྤྱོད་པས་མི་ཚེའི་ལམ་ཕྱོགས་ཤིག་བསྙེག་པར།།

ཐ་མལ་མི་བུའི་རང་ལམ་ངོས་འཛིན་ཞིག་མེད་ཚེ།།

ད་ནི་ལོག་པའི་ལམ་དུ་གོམ་སྟབས་རང་འཁྱོར་བཞིན།།

ན་མཉམ་སྐྱེ་བོའི་ཚོགས་ཀྱི་གྲལ་མཐའ་རུ་འཚུད་འགྲོ།།

པ་ཊུའི་དབང་པོ་བྱེད་པའི་ཕུགས་འདུན་ནི་མེད་ཀྱང་།།

ཕ་མའི་གསུང་ལ་ཉན་པའི་གོམས་སྲོལ་ཙམ་མེད་ན།།

བ་གླང་བཞིན་དུ་ཤ་རྒྱས་ལུས་སྟོབས་སུ་གྱུར་ཀྱང་།།

མ་རབས་ཐ་ཤལ་རིགས་ཀྱི་དམུ་རྒོད་རང་འགྱུར་འགྲོ།།

ཙ་གེ་ཙིག་གེས་ལས་ཀུན་བཏང་སྙོམས་སུ་བསྐྱུར་ཏེ།།

ཚ་བུན་མེད་པར་སྡོད་པའི་ངང་ཚུལ་འདི་མཐོང་ན།།

ཛ་དྲག་དོ་གལ་མེད་པར་འདུག་བཟོད་ནི་མེད་པས།།

ཝ་སྐད་ལྟ་བུའི་ཤ་ཚའི་གཏམ་ཅོལ་འདི་ཤོར་སོང་།།

ཞ་ཞ་སྒུར་སྒུར་བྱེད་པའི་སྤྱོད་ལམ་ནི་དབེན་ཡང་།།

ཟ་ངེ་ཟིང་ངེས་དུས་ཚོད་འདའ་བ་རང་མ་གནང་།།

འ་ཅག་སྔོན་གྱི་ལས་ཚུལ་ཉམ་ཆུང་ཞིག་ཡིན་ཡང་།།

ཡ་མ་བརླ་ཡི་ལས་འདིར་བསྡུར་ཐབས་རང་མི་འདུག།

ར་བ་གངས་ཀྱིས་བསྐོར་བའི་བསིལ་ལྡན་གྱི་ལྗོངས་ཀྱི།།

ལ་ལུང་གང་དུ་སྐྱོད་ཀྱང་རང་རྟོན་ཞིག་དགོས་པ།།

ཤ་ཚའི་སློབ་སྟོན་མིན་ཡང་སྙིང་གཏམ་ནི་ཡིན་ཕྱིར།།

ས་ཕྱོགས་གང་དུ་བཞུགས་ཀྱང་ཡིད་ངོ་ནས་མ་འབོར།།

ཧ་ལེ་ཧོ་ལེས་གོ་སྐབས་ལེགས་པོ་འདི་བརླགས་ན།།

ཨ་ཅང་འགྱོད་གདུང་སྐྱེ་བའི་དུས་སྐབས་ཤིག་འཆར་སྲིད།།

  • ལེ་ཚན་སྔོན་མ།:དྲན་པ་གློ་བུར་མ།
  • ལེ་ཚན་རྗེས་མ།:སྲིན་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུའི་བོད་ཡུལ།