དཀར་འཛིན་ལྷ་མོ། 2020-10-26
སྲིད་འདིར་སླེབས་པའི་རྗེས་ནས།།
མི་ཡི་མིང་གཟུགས་རྙེད་བྱུང་།།
སྔོན་བསགས་ལས་དབང་བཟང་པོས།།
རིག་སྦྱོང་གོ་སྐབས་རྙེད་བྱུང་།།
ལོ་རྒྱུགས་སྡོམ་སྐར་འགོད་སྐབས།།
ཐ་མ་རྐྱང་བ་ཡིན་སོང་།།
མདུན་ལམ་མངོན་འགྱུར་ཟེར་བ།།
རྨི་ལམ་ཞིང་དང་འདྲ་སོང་།།
འོན་ཀྱང་དགེ་རྒན་བཟང་པོས་།།
སློབ་གསོའི་གདམས་ངག་གནང་བས།།
བདག་ལ་སྤོབས་པ་རྒྱས་ནས།།
ཕམ་ཁ་འཁུར་དགོས་མ་བྱུང་།།
བརྩོན་པ་འོ་ཇ་མངར་མོ།།
ཧུབ་གང་འཐུང་བར་མ་འདོད།།
རིག་པའི་སྦྲང་རྩི་མངར་མོ།།
མ་ཟོས་རུལ་ལ་ཤོར་སོང་།།
ཡང་བསྐྱར་ཕམ་ཁ་ཁུར་བ།།
དྲིན་ཆེན་ཕ་མས་རྟོགས་ནས།།
སྡིགས་མོའི་མདའ་མོ་འཕངས་པ།།
ང་ཡི་སྙིང་ལ་བརྒྱབ་སོང་།།
ཕ་མར་བཞག་པའི་དམ་བཅའ་།།
སེམས་ཀྱི་ཁུར་བོ་ཡིན་སོང་།།
སྔོན་ཀྱི་ལེ་ལོའི་གཤིས་ཀ།
སྤང་བར་འདོད་ཀྱང་གོམས་སོང་།།
རིན་བྲལ་དུས་ཚོད་མོད་མོད།།
ལེ་ལོའི་དབང་དུ་ཤོར་སོང་།།
རྣམ་གཡེང་བདུད་ཀྱི་འཁོར་ལོ།།
ཉིན་མཚན་བར་མེད་བསྐོར་སོང་།།
དབྱངས་གསལ་ཀློག་ཤེས་ཙམ་ལས།།
སློབ་ཆུང་ལོ་དྲུག་འདས་སོང་།།
སློབ་འབྲིང་འགྲོ་འདོད་མེད་ཀྱང་།།
ཕ་མ་འཐད་པ་མ་བྱུང་།།
སློབ་མགོ་ཚུགས་པའི་ཉིན་མོ།།
སློབ་གྲྭ་སོ་སོར་ཕེབས་པའི།།
ལས་དབང་སློབ་གྲོགས་མང་པོ།།
སློབ་ཁང་གཅིག་ལ་འཛོམས་དུས།།
རིག་གནས་མེད་པའི་ང་རང་།།
གཞན་གྱིས་འཕྱ་བར་དོགས་ནས།།
བརྩོན་འགྲུས་རྟ་ཕོར་ཞོན་རྒྱུ།།
རང་ལ་དམ་བཅའ་བྱས་སོང་།།
རྩོམ་གསར། 10