ཕ་ཡུལ་ལགས།

སྐྱིད་སྒྲོན་མ།        2020-10-26

ས་འཛིན་དཀར་པོས་སྨུག་པའི་དབུ་ཞྭ་གྱོན༎

རྫ་ཆབ་བསིལ་མ་བཞུར་བའི་སྒྲ་དབྱངས་སྙན༎

ན་བུན་ཕུང་པོས་བཀླུབས་པའི་རི་སྒང་དུ༎

ཁུ་བྱུག་གཞོན་ནུས་དཔྱིད་དཔལ་བསྟོད་གླུ་ལེན༎

སྦྲང་ཆར་ཟིལ་མ་དལ་གྱིས་ས་ལ་འཐིམ༎

རྐང་དྲུག་བུང་བ་པད་མའི་ཚལ་དུ་ལྡིང་༎

རྐང་བཞི་དུད་འགྲོ་གང་འདོད་ཟས་སུ་བཀྲམ༎

རྐང་གཉིས་མི་རྣམས་ཕྱུགས་སྐྱོང་ལས་ལ་བྲེལ༎

ས་གཞི་ཡོངས་ལ་གསེར་ཞུན་ཁུ་བས་བྱུགས།།

རིན་ཆེན་མདངས་ལ་འཁུ་བའི་སྙེ་མ་ལྡེམ༎

འབྲས་བུ་གཡུར་དུ་ཟ་བའི་དུས་སྐབས་སུ༎

ཞིང་པའི་མི་རྣམས་དགའ་བའི་གླུ་དབྱངས་སྙན༎

དགུན་ཁའི་ཁ་བའི་འདབ་མ་ས་ལ་འཐོར༎

ཉམ་ཐག་སྒོ་ཁྱིའི་གཅོང་སྐད་རླུང་ལ་འདྲེས༎

ཅུང་ཙམ་རལ་བའི་སྦྲ་ཡི་འཐུ་འོག་ཏུ༎

ཚོར་བས་བསྡུས་པའི་འཁྱག་རླུང་འཚུབ་མ་ལྡིང་༎

  • ལེ་ཚན་སྔོན་མ།:ཟླ་བ་བདུན་པའི་སྙན་ངག
  • ལེ་ཚན་རྗེས་མ།:ཆུང་དུས་ཀྱི་བསམ་པ།