གང་དུ་བཞུད་སོང་། ཕྱིར་ཕེབས་སྲིད་དམ།

ཤེས་རབ་བཀྲ་ཤིས།        2020-10-26

རིག་པའི་རྩལ་གྱི་འཇིག་རྟེན་མགོ་རྟིང་བསློག་ནུས་པའི་སྐྱེས་ཆེན་ཞིག གྲགས་འགུལ་མེད་པར་འཇིག་རྟེན་འདི་ནས་རྒྱང་དུ་བཞུད་འགྲོ་བ་ཅིའི་ཕྱིར།གལ་ཏེ་འཇིག་རྟེན་ནས་འབྲལ་དགོས་པ་ཆོས་ཉིད་དུ་སྣང་ན།སླར་ཡང་བོད་མི་རིགས་འདིར་ཕྱིར་ཕེབས་སྲིད་དམ།

ཉི་འོད་མི་འཕྲོ་སའི་ས་ཆ་རུ་མེ་ཏོག་སྐྱེ་མི་སྲིད་པ་བཞིན།རིག་གཞུང་མེད་པའི་མི་རིགས་ལ་ཡར་རྒྱས་ཡོང་མི་སྲིད་དེ།རིག་གཞུང་ནི་མི་རིགས་ཤིག་གི་དར་རྒུད་མཚོན་པའི་སྲོག་ཤིང་ཡིན།རིག་གཞུང་ཡང་མཁས་ཆེན་རྣམས་ཀྱི་སྐྱེས་སྟོབས་ཀྱི་ཤེས་རབ་ལས་ཡོང་བ་མ་གཏོགས།ལྷན་སྐྱེས་ཀྱི་བྱུང་བ་ཡེ་ནས་མ་ཡིན་ནོ།།དེའི་ཕྱིར་ཁྱེད་ནི་མི་རིགས་ཤིག་གི་རིག་གཞུང་མཐོར་འདེགས་གཏོང་བའི་ཀ་བ་ཡིན་ལ།ཁྱེད་ཡོད་པས་བོད་མི་རིགས་འདིར་སྔར་ལས་ལྷག་པའི་རིག་གཞུང་ཞིག་འདུག ཁྱེད་ཀྱི་སྨྱུག་རྩེ་ནས་ཟགས་པའི་ཡིག་འབྲུ་རེ་རེ་ནི་མུན་ནག་གི་འཇིག་རྟེན་ཞིག་ནས་སྒྲོན་མེ་སྒྲོན་བྱེད་ཀྱི་མེ་ཐུར་རྐང་གཅིག་དང་འདྲ་ལ།ཁྱེད་ནི་མུན་ནག་གི་འཇིག་རྟེན་ཞིག་ལ་དཀར་གསལ་གྱི་འོད་སྣང་སྩོལ་བའི་དྲིན་ཆེན་དེ་ཡིན།

མི་བུ་ཞིག་གནའ་སྔ་མོ་ནས་འཇིག་རྟེན་གཞན་ཞིག་ཏུ་ཆས་ཟིན་ནའང་།གཟིམ་པ་མེད་པ་ནི་སྙན་གྲགས་ཡིན་ལ།ཟད་པ་མེད་པ་ནི་ཤུལ་དུ་བཞག་པའི་ཡིག་ཆ་དང་སྙན་རྩོམ་དེ་དག་ཡིན།རྗེས་རབས་པ་ང་ཚོས་ཡིག་ཆ་དང་སྙན་རྩོམ་དེ་དག་བཀླགས་ཚེ།མི་རབས་སྔོན་མ་དག་གི་འཚོ་བའི་ཁ་དོག་མིག་ལམ་དུ་འཆར་འོང་ལ།སྐྱེས་ཆེན་ཁྱེད་ཀྱི་འགྲན་ཟླ་བྲལ་བའི་སྐྱེས་སྟོབས་ཀྱི་ཤེས་རབ་ཀྱང་ཉམས་སུ་མྱོང་ནུས།དེ་བས་ཁྱོད་ཀྱི་སྙན་རྩོམ་རེ་རེ་ལས་མི་བུ་གང་མང་ཞིག་ལ་བཟི་ཁ་སློང་གིན་ཡོད་ལ།དུས་དེའི་འཚོ་བ་དངོས་དེ་ཉམས་སུ་མྱོང་ནུས་ཀྱིན་འདུག

འོན་ཀྱང་།ཁྱོད་ཀྱིས་མི་རིགས་འདི་མགོ་རྒྱབ་ཏུ་བསྐྱུར་ནས་འགྲོ་ནུས་སམ།རིག་གཞུང་ས་འཛིན་གྱི་ཕུང་པོ་འདྲ་བ་འདི་འཕངས་ནས་འགྲོ་བ་འདི་ཅིའི་ཕྱིར།མི་བུ་ཁྲི་མ་འབུམ་གྱིས་ཁྱེད་ཉིད་སོང་ཤུལ་དུ་བལྟས་ནས་མིག་ཆུ་གཏོང་གིན་འདུག གལ་ཏེ་སྐྱེ་འཆིའི་ཆོས་ཉིད་ལྟར་དུ་ཁྱོད་རང་འཇིག་རྟེན་འདི་ནས་འབྲལ་དགོས་བྱུང་ནས་རྒྱང་དུ་བཞུད་པ་ཡིན་ན།སླར་ཡང་མི་རིགས་འདིར་ཕྱིར་ཕེབས་སྲིད་དམ།

  • ལེ་ཚན་སྔོན་མ།:ཆུང་དུས་ཀྱི་བསམ་པ།
  • ལེ་ཚན་རྗེས་མ།:དབུལ་སྐྱོར་གནད་སྨིན་གྱི་སྲིད་ཇུས་ལ་བསྟོད་པ།