ཀླུ་ཕྱུག 2017-10-09
རྟ་བདུན་དབང་པོའི་འཛུམ་ཟེར།།
ཕར་ཕྱོགས་སྒང་ནས་འཚེར་དུས།།
རྩྭ་ཐང་ཡངས་པོའི་བ་མོ།།
ཤུལ་མེད་རླུང་ལ་ཡལ་སོང་།།
ཁྲུང་ཁྲུང་དཀར་མོའི་གཤོག་འགྱུར།།
མི་མངོན་རྒྱང་ལ་བསྒྱུར་སོང་།།
སྡོང་མགོའི་ལོ་མ་སྐྱ་བོ།།
ལྷབ་ལྷུབ་ས་ལ་འཐོར་སོང་།།
ཡར་ཚེས་དཀར་གསལ་ཟླ་གཞོན།།
མཁའ་ལམ་འགྲིམས་ནས་སླེབས་བྱུང་།།
རྩྭ་སྐྱ་ལུང་བའི་ཁ་ནས།།
སྐྱི་བསེར་རླུང་བུ་ལྡང་བྱུང་།།
ལྕི་འབུ་སེར་པོའི་གཤོག་རྩ།།
གྲང་དང་འཁྱག་ལ་འབྱར་སོང་།།
ང་དང་གྲོགས་པོའི་ལག་པ།།
ལྕི་བའི་མེ་ལ་བསྲིངས་ཡོད།།
རྩོམ་གསར། 10