མ་ཡུམ་ལགས་ཁྱེད་རང་དྲན།

སྐལ་བཟང་རྡོ་རྗེ།        2017-10-09

མེ་ཏོག་གོས་ཀྱིས་བཀླུབས་པའི་ཕ་ཡུལ་དང་བྲལ་ཏེ།།

རྒྱང་རིང་ལེ་དབར་སྟོང་གི་ཡུལ་གྲུ་རུ་ཆས་དུས།།

བྱམས་བརྩེའི་འཛུམ་མདངས་རྒྱས་པའི་དྲིན་ཆེན་གྱི་མ་ལོའི།།

ཞལ་རས་ཡིད་ལ་འཆར་ཏེ་མིག་ཆུ་རང་འཐོར་སོང་།།

        

མཛེས་པའི་རྩྭ་ཐང་བརྒྱུད་དུས་འདོ་རིགས་དང་གཡང་དཀར།།

མ་བུ་ལྷན་དུ་འཛོམས་ནས་ནོར་འཛིན་གྱི་གཞི་རུ།།

བག་ཡངས་རྩྭ་ཆུར་རོལ་བའི་ངང་ཚུལ་དེ་མཐོང་དུས།།

མ་ཡུམ་དྲན་པའི་མིག་ཆུ་སྤང་ཐང་དུ་ལུས་སོང་།།

     

གསེར་ལྡན་འབྲི་ཆུ་དེད་དེ་གྱེན་ཕྱོགས་སུ་བསྐྱོད་དེ།།

གསེར་མིག་ཉ་མོ་མ་བུའི་འཁྱུག་རྩལ་དེ་མཐོང་དུས།།

རྒྱང་རིང་ཡུལ་གྱི་ཨ་མའི་ཉམས་འགྱུར་དག་མངོན་ཚེ།།

ཡིད་སེམས་སྐྱོ་བའི་མིག་ཆུ་འབྲི་ཆུ་རུ་འཐིམས་སོང་།།

        

རི་གསུམ་ལྷུན་པོའི་རྩེ་ནས་བར་སྣང་དུ་ཕྱོགས་ཚེ།།

བྱ་རྒོད་མ་བུས་འཕུར་རྩལ་ངོམས་སྣང་དེ་འཆར་ལ།།

བར་སྣང་ཆུ་འཛིན་དཀར་པོའི་བང་རིམ་ལ་ཞུགས་དུས།།

དྲན་གདུང་མིག་ཆུ་རེ་རེས་མཁུར་ཚོ་རང་བརླན་སོང་།།


  • ལེ་ཚན་སྔོན་མ།:སྟོན་མཇུག་གི་ནམ་ཟླ།
  • ལེ་ཚན་རྗེས་མ།:སྣང་བའི་ལྷ་མོ།