ལྷག་བསམ་འོ་མའི་རང་མདངས།

ཚེ་རིང་ལྷ་མོ།        2017-09-29

དཔྱིད་དཔལ་བུ་མོས་དྲི་བཞོན་རླུང་བུའི་མགྱོགས་མྱུར་གོམ་སྟབས་དང་འགྲོགས་ཏེ།

ས་གཏིང་སྦས་པའི་འཇམ་མཉེན་མྱུ་གུ་ནོར་འཛིན་སྒེག་མོའི་ཕང་བ་རུ།

མགྱོགས་པོར་བོས་པས་ཁོ་ཚོ་བྱམས་ལྡན་དྲོད་ཁོལ་མོད་པའི་བདག་སྐྱོང་འོག

ཡུན་ཐུང་དུས་ལ་སྐྱེས་སྟོབས་དཔལ་འབར་མཆོད་ལྡིང་བྱེད་པའི་ཤེའུའི་རིགས།

དྲོད་སྦྱིན་མཁན་གྱིས་བྱམས་བརྩེས་བསྐྱངས་པའི་ཤ་ལས་མཆེད་པའི་ཤེའུའི་ཚོགས།

རང་རེའི་ཁྲག་དང་རྔུལ་ལས་ཐོན་པའི་དཀའ་སྤྱད་ལས་ཀྱི་འབྲས་བུ་ཡིས།

བློ་རིག་ཁྲ་ཡི་རྗེས་སུ་འབྲངས་པའི་ཤེའུ་དག་གི་བདེ་སྐྱིད་ནི།།

འཛམ་གླིང་གོ་ལར་ལྡིང་སྐོར་ཐུབ་པའི་སྤང་ལྗོངས་སྔོན་མོའི་ཕང་བར་སྐྱེལ།

ཚན་རྩལ་རིག་གནས་བྱ་ལྟར་འཕུར་བའི་འཛམ་བུ་གླིང་གི་སློབ་གྲྭ་རུ།

ཤེས་བྱའི་ཡོན་ཏན་ཆུ་གཏེར་ཆེན་མོའི་གཏིང་ལ་འགྲན་པའི་བཤེས་གཉེན་དག

ཤེའུ་ཆུང་དག་གི་འབྱུང་པར་གྱུར་བའི་མཚར་སྡུག་ལྡན་པའི་མདུན་ལམ་ཆེད།

སྔ་ལངས་ཕྱི་ཉལ་དཀའ་བ་སྤྱད་པའི་བྱམས་བརྩེ་འདི་ནི་ཉི་ཟེར་བཞིན།

དྲོད་ཁོལ་འོག་ཏུ་འཚོ་ཞིང་གཞིས་པའི་མཆོང་ལྡིང་གར་རྩེན་ཤེའུ་དག

འཛམ་གླིང་གོ་ལའི་ཕྱོགས་ལ་བསྙེགས་པའི་མདུན་སྐྱོད་གར་སྟབས་རིང་མོ་དེ།

གནས་ལྔ་རིག་པའི་སྒོ་གླེགས་ཆེན་མོར་སྤོ་བའི་བྱམས་བརྩེའི་མཛུབ་སྟོན་མཛད།

བཤེས་གཉེན་དམ་པའི་མཛད་པ་འདི་དག་ཤེའུ་ཚོགས་གྱིས་ཚོར་རམ་སྙམ།

དུས་ཀྱི་འཁོར་ལོ་བར་མེད་འཁོར་བས་སྣ་ཚོགས་ཚན་རྩལ་ཅན་ལ་ཕྱོགས།

འཇིག་རྟེན་ཆེན་མོའི་གྲུ་ཟུར་ཞིག་ན་སྙན་གྲགས་འབར་བའི་གཞོན་ནུའི་ཚོགས།

མི་རིགས་ཤིག་གི་ལས་དོན་ཆེན་མོ་རྒྱབ་ཏུ་ཁུར་ཏེ་བརྩོན་པ་འདི།

ལྷག་བསམ་འོ་མའི་རང་མདངས་ཁྲོད་དུ་འཚར་ལོངས་བྱུང་བ་མ་ཡིན་ནམ།


  • ལེ་ཚན་སྔོན་མ།:རྒྱང་རིང་གི་མཁའ་འགྲོ་མ།
  • ལེ་ཚན་རྗེས་མ།:སྟོན་མཇུག་གི་ནམ་ཟླ།