རྡོ་གྲགས། 2017-09-29
དང་པོ། བར་ཐག
ངས་སྐད་གསང་མཐོན་པོས།
ཁྱེད་ཀྱི་མཚན་ནས་འབོད་ཐེངས་རེར།
ཁྱེད་ཀྱི་ནམ་ཡང་ཀུ་རེའི་ཚུལ་གྱིས།
ང་ལ་ཁ་པར་གསར་པ་ཞིག་གི་ཨང་གྲངས་སྟེར།
རོལ་རྩེད་འདི་ལ་ང་རང་སྔར་ནས་སུན་ཡོད།
ཆང་རག་གིས་འུ་གཉིས་ཀྱི་དྲན་པ་སྔར་ལས་དྭངས་པར་བྱས་ཀྱང་།
ཁྱེད་ཀྱི་དུངས་སེམས་ཀྱི་འོ་མ་ཕོར་པ་གང་གིས།
ང་རང་གཏན་དུ་བཟི་ཞིང་དྲན་པ་ཉམས་པར་བྱས།
ཁྱེད་ཀྱིས། ངས་ཚོ་ལ་བར་ཐག་མེད་ཟེར།འོན་ཀྱང་ངས་སྐད་གསང་མཐོན་པོས་ཁྱེད་རང་འབོད་ཐེངས་རེར།
ཁྱེད་ནམ་ཡང་ངའི་ལུས་འགྲམ་དུ་ཡོད་མ་མྱོང་།
ངས་བལྟས་ན། ཁྱེད་ནི་ང་དང་བར་ཐག་མེད་པའི་གྲིབ་གཟུགས་ཤིག་དང་འདྲ།
ང་རང་ཁྱེད་ཀྱི་དུངས་སེམས་དཀར་པོས་བཟི་ཐེངས་རེར།
ངས་ཁྱེད་ཀྱི་བདེ་བ་ཅན་གྱི་ཚ་དྲོད་རེག་མྱོང་ལ།
ད་དུང་སྙིང་གི་འཕར་སྒྲས་བྱིན་པའི་ཟུག་རྔུའི་ཁྲོད་ནས།
ཁྱེད་ཀྱི་ནང་སེམས་གྱི་ཁ་དོག་ལ་རྒྱང་ལྟ་བྱས་མྱོང་ཞིང་།
ཁྱེད་ཀྱི་དབུགས་གྱི་འབྱིན་རྔུབ་ལ་རྣ་བ་གཏད་མྱོང་།
ཁྱེད་ཀྱིས་བཤད་ན། ཁྱེད་ཀྱིས་གཞས་གཏོང་ཐེངས་རེར།
ང་རང་དྲན་བྱུང་ཟེར།ངས་ཁྱེད་ལ།
དྲན་སེམས་འདི་ལ་བར་ཐག་ཨེ་ཡོད་དྲིས།
ཁྱེད་རང་འཛུམ་དམུལ་དམུལ་གྱིས།
ཀུ་རེའི་ཚུལ་དུ་ཡང་བསྐྱར་ང་ལ་གཞས་རེ་བཏང་།
ཁྱེད་ཀྱི་ཉི་འོད་ལས་འཇམ་པའི་གཞས་དབྱངས་དང་།
ཁྱེད་ཀྱི་འཇའ་རིས་བཞིན་བཀྲ་བའི་གྲིབ་གཟུགས་ལས།
ངའི་སེམས་འགྱུ་ལས་ཐོན་པའི་གདུང་བ་གང་ཞིག
ཆུང་ཕྲན་བཞིན་ཁྱེད་ཀྱི་པང་དུ་བཞུར་མྱོང་ལ།
བདེ་སྐྱིད་ཀྱི་འཆར་སྣང་གང་ཞིག
གཏན་དུ་ང་ཡི་སེམས་སུ་ལུས།
ད་ལྟ། དྲན་སེམས་ལ་གཤོག་རྩལ་རྒྱས་ཀྱང་།
ངས་ཁྱེད་ཀྱི་བར་ཐག་བརྒལ་མ་ཐུབ།
འོན་ཀྱང་། ཁུ་སིམ་པའི་གྲོང་ཚོ་དེ་ནས།
ཁྱེད་ཀྱིས་ཡར་བསྐྱར།
ཁ་པར་གསར་པ་ཞིག་གི་ཨང་གྲངས་ང་ལ་བསྐུར།
ད་ལྟ། ཁྱེད་ཀྱི་གཞས་དབྱངས་མེད་པས།
སྒེའུ་ཁུང་ནང་དུ། རླུང་གཡུག་པའི་སྒྲ་ཁོ་ནས་ཁེངས།
མ་གཞི། འུ་གཉིས་ཀྱི་བར་ཐག་ཧྲིལ་པོར།
དག་གཙང་ཁོ་ན་ལས། གཞན་ཅི་ཡང་མེད།
གཉིས་པ། བྲལ།
ཁྱེད་དང་བྲལ་རྗེས།
ངའི་ཡིད་སེམས་ཧྲིལ་པོ།འཁྱག་སིབ་སིབ་ཏུ་གྱུར་བ།
ང་རང་གིས་གཏན་ནས་མ་ཤེས།
སེམས་གཏིང་གི་ཟུག་རྔུ་ཞིག་གིས།དྲན་པ་རབ་རིབ་ཅིག
རྒྱང་རིང་ནས་བཀུག་ཅིང་།གཞས་དབྱངས་སྙན་མོ་ཞིག
བློ་ངོར་ཕབ་པ།ད་གཟོད་ཁྱེད་ཀྱི་གླུ་སྒྲ་ཡིན་པ་ངང་གིས་ཤེས།
བྲལ་བའི་རྗེས་སུ།
ངས་དྲན་པ་ནང་དུ་བཀུག་ནས།
མནོ་བསམ་ཅི་ཡང་བཏང་མ་མྱོང་།
རི་རབ་དང་གཙང་པོ། ཨ་སྔོན་དང་ས་གཞི།
ཡོད་ཚད་རྒྱུན་ལྡན་དུ་སྣང་།
བྲལ་བའི་རྗེས་སུ།
གཟུགས་བརྙན་གཞན་ཞིག
མི་ཚོགས་ཁྲོད་ཁེར་རྐྱང་དུ་རྒྱུ་བ་མཐོང་།
རྒྱབ་གཟུགས་ལ་ཁ་དོག་མེད་པས།
སུས་ཀྱང་སུ་ཡིན་པ་མ་ཤེས་ལ།
ངས་ཀྱང་ང་ཡིན་པ་གཏན་ནས་ཤེས་མེད།
གསུམ་པ། ས་སྲོས་ཀྱི་རྒྱང་ལྟ།
ས་སྲོས་ཀྱི་རི་སྒང་དུ་འགྲེང་ནས།
ནུབ་ཕྱོགས་ཀྱི་མཚམས་སྤྲིན་ལ་རྒྱང་ལྟ་བྱེད་དུས།
ཉི་མ་པང་དུ་བླངས་པའི་མཚོ་མོ་དམར་པོ་འདི།
མཁའ་འགྲོ་མ་གར་ལ་རོལ་བའི་གཞིས་ཁྱིམ་ཡིན་པར་འདོད་ཅིང་།
རྒྱང་རིང་གི་ཁྱེད་ཀྱང་།
གནས་དེ་རུ་བཞུགས་ཡོད་པར་འདོད།
ཉི་ནུབ་དང་འགྲོགས་པའི་བསམ་གཞིག་གང་ཞིག
མདའ་མོ་བཞིན་ཁྱེད་ཀྱི་ཕྱོགས་སུ་འཕངས་ཤིང་།
མེ་ལྕེ་བཞིན་འཕྱོ་བའི་དྲན་གདུང་དམར་པོ།
རང་གི་ཨམ་ཕྲག་ཏུ་བཅུག་ནས།སྨག་རུམ་གྱི་མགྲིན་ལ་བརྗེད་བྱང་བཞིན་དུ་བཀལ།
མུན་རུབ་ཟིན་དུས།
ཁོར་ཡུག་གི་ཡོད་ཚད་མུན་ནག་གི་ཕག་ཏུ་ཡིབ་སོང་།
མགོ་ཐོག་གི་ཟླ་བ་དཀར་པོ།
སྨོན་འདུན་གྱིས་གསོས་པའི་ཐིག་ལེ་བཞིན་བཀྲ་ཞིང་།
ཨ་སྔོན་གྱི་དགུ་ཚིགས་རིང་མོའང་།
ང་ཚོའི་སེམས་པ་སྦྲེལ་བའི་དར་ཟམ་བཞིན་དུ་དཔྱངས།
རྩོམ་གསར། 10