གནས་འགྲོ་མ།

ཨཱ་འཛི་ཨ་ཕྱུག        2017-09-28

ནམ་དབང་ཕྱོགས་གསལ་བའི་སྐྱ་རེངས་ཀྱི་དུས་སུ།

བྱེའུ་འཇོལ་མོས་ཐོག་མའི་ངག་སྒོ་དེ་ཕྱེ་སྐབས།

མཛེས་རྒྱན་ཆས་སྤྲས་པའི་ལང་རྫོགས་ཀྱི་བུ་མོ།

གཉེན་མིང་པོའི་སྐྱེལ་མས་གཞན་ཡུལ་དུ་བསྐྱལ་ཡོད།

དྲིན་ཕ་མའི་མགོ་དཀར་གཉེར་མང་གི་ཞལ་རས།

མཛེས་མེད་ཀྱང་སྲིད་པའི་བྱམས་བརྩེ་ཡི་ངོ་བོ།

དྲིན་འཇལ་མེད་ལུས་སྦྱིན་གསོ་སྐྱོང་གི་བཀའ་དྲིན།

གཞི་གོར་མོར་བསྐྱར་ནས་འགྲོ་དགོས་འདི་སྐྱོ་ཨང་།

དགུང་ཨ་སྔོན་གཡུ་ཡི་ཞུན་མ་ཡིས་བསྐུས་པར།

སྤྲིན་ཕུང་པོས་དྲི་བྲལ་འཛུམ་དཀར་གྱིས་བསུས་ཤིང་།

འབྲུག་ཕོ་ཆུང་དབྱངས་སྙན་ས་གསུམ་དུ་འགང་ཚེ།

གནས་བུ་མོས་སྐྱོ་བའི་ཆར་ཟིམ་ཞིག་ཤོར་སོང་།

གཉེར་སྨྱན་པའི་ཚིག་མཛེས་ཁ་ཡག་གིས་བསྟོད་པའི།

ཚེ་འདི་ཡི་དགའ་སྡུག་སྐྱོ་གསུམ་གྱི་འགྲོགས་རོགས།

རིག་མ་མྱོང་སེམས་སུ་རྟོག་བཟོ་རེ་བྱེད་ཞོར།

ཕྱིར་མི་ལྡོག་ལམ་ཕྲན་སྐྱ་བོ་ཞིག་དེད་འགྲོ།

རོགས་དགའ་ལོ་སེམས་པའི་གཏིང་རིམ་ལ་ཉར་བཞིན།

ཆུང་རྩེད་རོགས་ཕྱིར་དྲན་ཡོལ་རས་སུ་བྲིས་ཚེ།

རིགས་མི་བཟང་དམན་པར་དམོད་པ་ཡི་ང་ཚོ།

མགོ་འཁྱོག་པ་ཉིན་མོའི་གཟའ་སྐར་གྱི་གྲངས་ཙམ།


  • ལེ་ཚན་སྔོན་མ།:སྟག་ལུང་རི་ཁྲོད་ནས་གྱེར་བའི་གཞས།
  • ལེ་ཚན་རྗེས་མ།:རྒྱང་རིང་གི་མཁའ་འགྲོ་མ།