འགྱོད་བཤགས་ཡི་གེ(ཞར་བཀོད་གཅིག)

ཁེར་བུ།        2017-09-18

ངས་འགྱོད་བཤགས་བྱེད།

ངས་ཆུང་དུས་སུ་རང་ཁྱིམ་ནས་སྒོར་ཉི་ཤུ་བརྐུས་ཏེ་རྫོང་མཁར་དུ་བྲོས་པར་འགྱོད་བཤགས་བྱེད།

ངས་ཆུང་དུས་སུ་གྲོགས་པོ་ཆུང་ཆུང་ཚོ་དང་ལྷན་དུ་གྲོག་མ་གསོད་རེས་ཀྱི་འགྲན་སྡུར་བྱས་པར་འགྱོད་བཤགས་བྱེད།

ངས་ཆུང་དུས་སུ་ཁྱི་གུ་ལྡོམ་པོ་ཞིག་ལ་ཁྱི་ལྡོམ་ཞེས་རྡོ་ཡིས་བརྡེགས་མྱོང་བར་འགྱོད་བཤགས་བྱེད།

ངས་ཆུང་དུས་སུ་དབང་བོ་སྐྱོན་ཅན་གྱི་མི་ནི་མིའི་རིགས་རྒྱུད་མ་ཡིན་པའི་རིགས་རྒྱུད་གཞན་ཞིག་རེད་བསམ་པར་འགྱོད་བཤགས་བྱེད།

ངས་ཆུང་དུས་སུ་སྡེ་མི་འོན་པ་ཞིག་ལ་འོན་སྐྱག་ཅེས་སྡིགས་མྱོང་བར་འགྱོད་བཤགས་བྱེད།

ངས་ཆུང་དུས་སུ་ལམ་འགྲོ་བ་གྱོལ་བོ་ཞིག་ལ་གྱོལ་བོ་ཞེས་འཕྱ་དམོད་བྱས་པར་འགྱོད་བཤགས་བྱེད།

ངས་ཆུང་དུས་སུ་ལྷམ་གསར་བ་ཞིག་ཉོ་བའི་ཆེད་དུ་རང་གི་རྐང་མགོའི་ལྷམ་དེ་བསམ་གཟས་ནས་ཐེད་རལ་དུ་བཏང་བར་འགྱོད་བཤགས་བྱེད།

ཡིན་ལགས།

ངས་འགྱོད་བཤགས་བྱེད།

ངས་འགྱོད་བཤགས་བྱེད།

ངས་དེ་སྔ་ནམ་རྒྱུན་རྨོ་མོ་ལ་ཁ་འཛིང་བྱས་མྱོང་བར་འགྱོད་བཤགས་བྱེད།

ངས་དེ་སྔ་ཨ་ཕའི་ཐ་མག་སྒམ་གཅིག་བརྐུས་ཤིང་ལྐོག་ཏུ་འཐེན་མྱོང་བར་འགྱོད་བཤགས་བྱེད།

ངས་དེ་སྔ་ཨ་མ་ལ་བླུན་མོ་ཞེས་སྡིགས་མྱོང་བར་འགྱོད་བཤགས་བྱེད།

ངས་དེ་སྔ་ནུ་བོ་ལ་གཅར་རྡུང་ཐེངས་མང་བྱས་མྱོང་བར་འགྱོད་བཤགས་བྱེད།

ངས་དེ་སྔ་ཁ་བ་བཞིན་དྭངས་ཤིང་གཙང་བའི་བུ་མོ་ཞིག་བོར་མྱོང་བར་འགྱོད་བཤགས་བྱེད།

ངས་ཁྱིམ་ཚང་འདིའི་ཁེར་རྐྱང་དང་དཀའ་སྡུག་སེལ་མ་ཐུབ་པར་འགྱོད་བཤགས་བྱེད།

ངས་ཞིང་གྲོང་འདིའི་སྡེ་མི་རེ་རེ་དང་དཀའ་སྡུག་གི་ལག་པ་རེ་རེར་འགྱོད་བཤགས་བྱེད།

ཡིན་ལགས།

ངས་འགྱོད་བཤགས་བྱེད།

ངས་འགྱོད་བཤགས་བྱེད

ངས་རང་གྲོལ་ཟེར་བའི་དཔའ་བོ་ཞིག་གི་ཁེར་རྐྱང་དང་གློ་བུར་བའི་འདས་གྲོངས་ལ་འགྱོད་བཤགས་བྱེད།

ངས་དགེ་འདུན་ཆོས་འཕེལ་ཟེར་བའི་རྒྱལ་ཁམས་པ་ཞིག་གི་ཉེས་མེད་བཙོན་འཇུག་ལ་འགྱོད་བཤགས་བྱེད།

ངས་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཟེར་བའི་གསར་བརྗེ་བ་ཞིག་གི་མིག་གཉིས་ས་རུ་དབྱུང་བར་འགྱོད་བཤགས་བྱེད།

ངས་རིག་གནས་གསར་བརྗེ་ཟེར་བའི་ལོ་ཟླ་ཞིག་དང་མི་རབས་ཤིག་གི་བྱས་ཉེས་ལ་འགྱོད་བཤགས་བྱེད།

ངས་མི་རིགས་ཤིག་གི་རྨོངས་པ་དང་ཨུ་ཚུགས་དང་ཕྲག་དོག་དང་སྒྱིད་ལུག་དང་ཁ་རུབ་དག་ལ་འགྱོད་བཤགས་བྱེད།

ངས་ཉམ་ང་བའི་ལག་ཟུང་སྤྱད་ནས་ལོ་རྒྱུས་ཟེར་བའི་འབྲེང་བ་ཞིག་སླས་མྱོང་བའི་མིང་མེད་ཀྱི་ལག་པའི་ཚོགས་ལ་འགྱོད་བཤགས་བྱེད།

ངས་ཁེར་རྐྱང་གི་མཐོ་སྒང་འདིར་དྲོད་ཁོལ་དང་འོད་སྣང་ཕྲན་ཙམ་ཡང་སྣོན་མ་ཐུབ་པར་འགྱོད་བཤགས་བྱེད།

ཡིན་ལགས།

ངས་འགྱོད་བཤགས་བྱེད།

ངས་འགྱོད་བཤགས་བྱེད།

ངས་སི་རེ་ཡའི་ཡུལ་གྱར་ཉམ་ཉེས་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཨེ་ལན་ལ་འགྱོད་བཤགས་བྱེད།

ངས་རང་དབང་གི་ཆེད་དུ་མགོ་བོར་མེ་མདའ་ཕོག་པའི་བུ་མོ་མཱ་ལ་ལར་འགྱོད་བཤགས་བྱེད།

ངས་རིགས་རྒྱུད་ཀྱི་བདེན་པའི་ཆེད་དུ་ལྐོག་གསོད་ཐེབས་པའི་མ་ཏིན་ལུའུ་ཏི་ཅིན་ལ་འགྱོད་བཤགས་བྱེད།

ངས་སྐུ་ཞབས་མན་རྡུ་རའི་བཙོན་ནང་གི་ལོ་ངོ་ཉེར་བདུན་ལ་འགྱོད་བཤགས་བྱེད།

ངས་ཁ་ཧྥུ་ཁའི་བརྩམས་སྒྲུང་ནང་གི་མི་སྣ་ཀི་ལས་ཀོར་སམ་ཧྲའི་ལས་དབང་ལ་འགྱོད་བཤགས་བྱེད།

ངས་ཨ་ཧྥེ་རི་ཁ་གླིང་གི་བཀྲེས་ལྟོགས་དང་མེད་མུག་གིས་འཆི་བཞིན་པའི་མི་ནག་རེ་རེར་འགྱོད་བཤགས་བྱེད།

ངས་འཛམ་གླིང་འཁྲུག་ཆེན་སྐབས་སུ་ལྔ་ལམ་དུ་ཕྱིན་པའི་ཉམ་ཆུང་བའི་ཚེ་སྲོག་རེ་རེར་འགྱོད་བཤགས་བྱེད།

ཡིན་ལགས།

ངས་འགྱོད་བཤགས་བྱེད།

མིའི་རིགས་ཀྱི་ཁ་སང་དང་དེ་རིང་དང་སང་ཉིན།

མེད་མུག  ཉམ་ཐག  འཁོས་ཆུང་།

དམག་འཁྲུག གདུག་རྩུབ། མཚོན་ཆ།

ངས་ཡོད་ཚད་ལ་འགྱོད་བཤགས་བྱེད།

ངས་ཅི་ཡང་མ་ནུས་པས་འགྱོད་བཤགས་བྱེད།

འོན་ཀྱང་།

ང་ནི་མཐའ་གཅིག་ཏུ་དེ་དག་གི་ཁ་གཏད་དུ་འགྲེང་སྟེ།

མིའི་རིགས་ཀྱི་སྡིག་སྒྲིབ་དང་བྱས་ཉེས་མཐའ་དག་ལ་ཚང་རྩིས་བྱ་སྲིད་ཅིང་།

ཞི་བདེ་དང་འོད་སྣང་།

དྲོད་འཇམ་གྱི་རྨི་ལམ་ལ་ནམ་ཡང་རེ་ཞིང་དུངས་ངེས།

ངས་འགྱོད་བཤགས་བྱེད།

ང་ཁེར་བུ་ཡིས་འགྱོད་བཤགས་བྱེད།


  • ལེ་ཚན་སྔོན་མ།:གྱེས་ཁ་མར།
  • ལེ་ཚན་རྗེས་མ།:ཆུ་དང་མར་མེ། དགེ་རྒན་དུས་ཆེན་ལ་ཕུལ།