གྱེས་ཁ་མར།

ཁེར་བུ།        2017-09-18

གྱེས་ཁ་མར

ཁོ་མོ་ངུས་བྱུང

བྱིས་པ་ཞིག་གི་ནང་བཞིན

ག་ཆད་དུ་ངུས་བྱུང

ཁོ་མོའི་མིག་ཆུ་ཧ་ཅང་ལྕི

མིག་ཆུ་རྡོག་པ་གཅིག་གིས་ང་ཡི་གོམ་ཁ་མནན་བྱུང

ཁོ་མོའི་མིག་ཆུ་ཧ་ཅང་རྣོ

མིག་ཆུའི་རྩེ་ན་མེ་འཁོར་ས་ཚུགས་ཡོམ་ཡོམ་འདར་གྱིན་འདུག

གྱེས་ཁ་མར

ཁོ་མོ་ངུས་བྱུང

བུ་མོ་ཞིག་གི་ནང་བཞིན

བརྩེ་དུངས་ཀྱིས་ངུས་བྱུང

ཁབ་སྐུད་སྤུས་དག་ཁ་ཚང་ཞིག

ང་ལ་སྐྱེས་སུ་གནང་བྱུང

སླད་མར་སེམས་སུ་རྨ་ཁ་བྱུང་ཚེ

ལྷན་པ་རྒྱག་རོགས་གསུངས་བྱུང

མི་ལོ་མང་པོའི་རྗེས་སུ

གྱེས་ཁ་མའི་ཁོ་མོ་དྲན་དུས

ཁབ་ནི་སེམས་སུ་ཟུག་འདུག་ཅིང

ང་ཡི་སྐུད་པ་ག་པར་ལུས་སོང


  • ལེ་ཚན་སྔོན་མ།:དགེ་བའི་བཤེས་གཉེན།
  • ལེ་ཚན་རྗེས་མ།:འགྱོད་བཤགས་ཡི་གེ(ཞར་བཀོད་གཅིག)