དགེ་བའི་བཤེས་གཉེན།

གངས་ཆར།        2017-09-12

འཇིག་རྟེན་མུན་སེལ་སྒྲོན་མེ་བཤེས་གཉེན་མཆོག 

སྒྲོན་མེའི་འོད་ཀྱིས་མུན་པའི་ཐ་སྙད་བཅོམ། 

མུན་པ་ཡལ་བའི་དཀར་གསལ་འཇིག་རྟེན་དུ། 

ཤེས་རིག་འོད་སྣང་སྦྱིན་མཁན་བཤེས་གཉེན་མཆོག 

ཉི་ཟླ་གཉིས་ཀྱི་བཀའ་དྲིན་འགྲན་ཟླ་མེད། 

འོད་དང་དྲོད་ཀྱིས་བསྐྱངས་པའི་འཇིག་རྟེན་དུ། 

ཤེས་རིག་ས་བོན་རི་ཀླུང་གང་སར་བཏབ། 

ཤེས་རིག་མྱུ་གུ་འབུས་པ་བཤེས་གཉེན་དྲིན། 

མི་རིགས་འཕེལ་རྒྱས་དགོས་ན་ཤེས་རིག་དགོས། 

ཤེས་རིག་ལྡན་ན་འཕེལ་རྒྱས་གླེང་རིན་ཡོད། 

ཤེས་རིག་ལྡན་པའི་རླབས་ཆེན་མེས་པོ་ཡང་། 

བཤེས་གཉེན་སྐུ་དྲིན་ཅན་གྱི་སློབ་ཕྲུག་ཡིན། 

བཤེས་གཉེན་ཟེར་བའི་ལས་རིགས་རླབས་ཆེན་ཞིག 

བཤེས་གཉེན་ཟེར་བའི་མི་བུ་ཡ་རབས་ཤིག 

བཤེས་གཉེན་ཟེར་བའི་ཐ་སྙད་དཀར་གཙང་ཞིག 

ཁ་བཏགས་དཀར་པོས་བཤེས་གཉེན་དུས་ཆེན་བསུ། 

བཤེས་གཉེན་སྐུ་ལ་བར་ཆད་མེད་པར་ཤོག 

བཤེས་གཉེན་སེམས་ལ་བདེ་སྣང་ཡོད་པར་ཤོག 

བཤེས་གཉེན་བཟང་པོ་ནམ་ཡང་བདེ་བར་སྨོན། 

བཤེས་གཉེན་ང་ཚོའི་མདུན་སྐྱོད་འོད་སྣང་ཡིན། 

བཤེས་གཉེན་ཉི་ཟླ་ལྟར་དུ་འོད་སྣང་འཚེར། 

བཤེས་གཉེན་གངས་རི་ལྟར་དུ་ལྷག་བསམ་དཀར། 

བཤེས་གཉེན་བཀའ་དྲིན་རྒྱ་མཚོའི་གཏིང་ལྟར་ཟབ། 

བཤེས་གཉེན་དམ་པ་འགྲོ་བ་མི་ཡི་རྒྱན། 


  • ལེ་ཚན་སྔོན་མ།:དགེ་རྒན།
  • ལེ་ཚན་རྗེས་མ།:གྱེས་ཁ་མར།