དགེ་རྒན་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།

མཁས་གྲུབ།        2017-09-12

སྤྱི་ཟླ་དགུ་པའི་ཚེས་བཅུ་ཉིན་ནི་དྲིན་ཆེན་གྱི་ཕ་མ་གཉིས་པ། སློབ་གསོའི་བྱ་གཞག་སྤེལ་མཁན་དང་ཤེས་རིག་གི་སྒྲོན་མེ་བཏེགས་པོ་དགེ་རྒན་དམ་པ་རྣམས་ཀྱི་དུས་ཆེན་ཡིན། ཕ་མ་དང་དགེ་རྒན་ནི་འཇིག་རྟེན་འདིར་རང་ལ་བཀའ་དྲིན་ཆེས་ཆེ་བ་དེ་ཡིན་ལ། མི་བུ་ཞིག་ལེགས་ལམ་དུ་འཁྲིད་མཁན་ཤེས་རབ་ཀྱི་དེད་དཔོན་དེའང་ཡིན། དེ་ཡང་དྲིན་ཅན་གྱི་དགེ་རྒན་དམ་པ་རྣམས་དང་ཉེ་བར་བཏུད་དེ་ཡོན་ཏན་གྱི་བདུད་རྩི་ཚིམ་མེད་བཏུང་བ་དང་། གསུང་གདམས་ངག་ཟབ་མོ་དང་ཐུགས་བརྩེ་བ་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་བཞིན་དུས་ཆེན་གྱི་སྐབས་དང་བསྟུན་ཏེ་ལྷག་བསམ་དཀར་པོའི་དད་འདུད་དང་བཅས་བཀྲ་ཤིས་པའི་རྟེན་འབྲེལ་ཡང་ཡང་ཞུ།

སློབ་གསོའི་འདབ་སྟོང་དགོད་པའི་གླིང་ག་ན། 

བློ་གསར་དོན་གཉེར་བུང་བའི་ཁྱུ་ཚོགས་ལ། 

སྦྲང་རྩི་མངར་མོའི་གདམས་ངག་འཇོ་མཛད་པའི། 

དགེ་རྒན་དམ་པ་རྣམས་ལ་རྟེན་འབྲེལ་ཞུ། 

ཐུགས་བརྩེ་ཟབ་མོ་བྱམས་ལྡན་ཕ་མ་འདྲ། 

གཤིས་དང་སྤྱོད་ཀུན་དྲང་པོའི་ས་ལ་འགོད།

ཚུལ་ལྡན་ལེགས་པའི་ལམ་དུ་གཅུན་མཁས་མ། 

དགེ་རྒན་དམ་པ་རྣམས་ལ་རྟེན་འབྲེལ་ཞུ། 

དབྱངས་གསལ་སོ་བཞི་བདུད་རྩི་བསིལ་མའི་བཅུད། 

རིས་མེད་སློབ་བུ་ཡོངས་ལ་ལེགས་པར་བསྩལ། 

འཇིག་རྟེན་རྨོངས་བློ་ཀུན་ནས་འཇོམས་མཛད་པའི། 

དགེ་རྒན་དམ་པ་རྣམས་ལ་རྟེན་འབྲེལ་ཞུ། 

ཡབ་རྗེ་ཐོན་མིའི་བཀའ་དྲིན་སེམས་ལ་ཉར། 

གངས་ཅན་བུ་ཚའི་ལས་དབང་ཕྲག་ཏུ་བླངས། 

རིགས་ཀྱི་བདེ་སྡུག་ནམ་ཡང་སྐྱོང་མཛད་པའི། 

དགེ་རྒན་དམ་པ་རྣམས་ལ་རྟེན་འབྲེལ་ཞུ། 


  • ལེ་ཚན་སྔོན་མ།:དགེ་བའི་བཤེས་གཉེན།
  • ལེ་ཚན་རྗེས་མ།:དགེ་རྒན།