དགེ་བའི་བཤེས་གཉེན།

གངས་ཆར།        2017-09-11

དགེ་རྒན་མེད་པའི་སྔ་རོལ་ན། 

ལས་བྱེད་ཅེས་པའི་མིང་ཡང་མེད། 

ད་ལྟའི་ལས་བྱེད་དེ་དག་ཀྱང་། 

དགེ་རྒན་དག་ལ་བསྟེན་ནས་བྱུང་། 

དགེ་བའི་བཤེས་གཉེན།

མིའི་རིགས་འོད་སྣང་གི་ལམ་བུར་ཐོག་མ་འཁྲིད་མཁན།

མིའི་རིགས་ལ་ཤེས་རིག་གི་བདུད་རྩི་ཐོག་མར་སྦྱིན་མཁན། 

མིའི་རིགས་ཀྱི་སྐོམ་པའི་གདུང་བ་སེལ་མཁན།

མིའི་རིགས་ཀྱི་ཆེས་ཐོག་མའི་ཕ་མ་བཟང་པོ།

བཤེས་གཉེན་ལགས།

མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད།

སྤྱི་ཚོགས་ཀྱི་འགྱུར་ལྡོག་འདྲ་མིན་སྣ་ཚོགས་ཁྲོད།

ཆ་མི་ཚང་བའི་མི་བུའི་ཀུན་སྤྱོད་ཀྱི་འཕེལ་རིམ་ཁྲོད།

མིའི་རིགས་ཀྱི་ལས་དབང་ལ་འགྱུར་བ་གང་མང་འགྲོ་བའི་དུས།

རྒྱལ་ཁབ་ཀྱིས་སྔོན་ཐོན་མི་སྣ་གསོ་སྐྱོང་གནང་བའི་དུས།

ཕ་མས་བུ་ཕྲུག་གི་རེ་བ་ཡོད་ཚད་ཁྱེད་ལ་བཅོལ་བའི་དུས།

ངའི་བསམ་པར་ཁྱེད་ནི་མི་བུ་དཀྱུས་མ་ཞིག་ཏུ་མི་མངོན།

ལྷག་པར་དུ་སློབ་མ་མང་པོ་ཞིག་ལ་འགན་འཁུར་དགོས་དུས།

ཁྱེད་ངོ་མ་དཀའ་ལས་མི་ཁག་པ་ཅི་ལ་སྲིད།

ཡོད་ཚད་ཀྱི་ཡོད་ཚད་ཁྱེད་གཅིག་པུས་དང་ལེན་བྱེད་དགོས་དུས།

ངོ་མ་ཁུར་པོ་ལྕི་པོ་ཞིག་མིན་པ་ག་ལ་སྲིད།

རྒྱུ་མཚན་ནི། ཁྱེད་མི་བུ་ཕལ་པའི་ཁྲོད་ཀྱི་ཕལ་པ་ཞིག་ཡིན་པའི་ཕྱིར།

ཁྱེད་སྐུ་ལས་ཁག་སྲིད། ཁྱེད་སྐྱོ་དུབ་ཀྱིས་མནར་སྲིད། ཁྱེད་ལ་བར་ཆད་ཡང་ཡོང་སྲིད།

འོན་ཀྱང་།   ཁྱེད་ཀྱི་ཕྱག་ལས་ནི་སྤྱིར་བཏང་བ་ཞིག་ག་ནས་ཡིན།

སློབ་མ་ཡོད་ཚད་ལ་སེམས་འཁུར་དང་འགན་འཁུར་དགོས་དུས།

ཁྱེད་སྐུ་ལས་མི་ཁག་པ་ཅི་ལ་སྲིད།

ཁྱེད་ཡང་འགྲོ་མི་ཕལ་པ་ཞིག་ཡིན་པའི་ཕྱིར།

འོན་ཀྱང་།

ཁྱེད་ཀྱིས་མིག་ཆུ་བཞུར་མི་སྲིད།

ཁྱེད་ཀྱིས་སྨྲེ་སྔགས་ཀྱང་འདོན་མི་སྲིད།

སྙིང་སྟོབས་དང་སེམས་ཤུགས་དེ་བས་ཀྱང་ཉམས་མི་སྲིད།

ལྷག་པར་དུ་མིའི་རིགས་ཀྱི་མ་འོངས་པ་འཆར་བཀོད་བྱ་རྒྱུའི་འགན་འཁྲི་ཕྲག་ཏུ་ཡོད་པས།

ཁྱེད་ཀྱི་ཁུར་པོ་ཧ་ཅང་གིས་ལྕི།

བཤེས་གཉེན་ལགས།

ཁྱེད་ནི་མིའི་རིགས་ཀྱི་བསམ་བློའི་འཆར་བཀོད་པ་དང་མིའི་རིགས་ཀྱི་ལམ་སྟོན་སྒྲོན་མེ།

ཁྱེད་ནི་དགུང་ཨ་སྔོན་དང་ས་དོག་མོ་བར་གྱི་རླབས་ཆེ་བའི་ཕ་མ་དང་པོ་དེའོ།

བཤེས་གཉེན་ལགས།

ཁྱེད་ཉིད་སྐུ་ལས་ཁག་སོང་།

ཁྱེད་ཀྱི་མཛད་རྗེས།

དགུང་ཨ་སྔོན་དང་ས་དོག་མོ་ཡིས་དཔང་པོ་བྱེད་སྲིད།

གངས་དཀར་པོ་དང་སྤང་སྔོན་མོ་ཡིས་དཔང་པོ་བྱེད་སྲིད།

འཛམ་གླིང་མུན་སེལ་སྒྲོན་མེ། 

ས་སྟེང་འདི་ན་ཡོད་པས། 

ཀུན་གྱིས་མཐོང་ཆེན་བྱས་ཏེ། 

གཙུག་གི་རྩེ་མོར་བཀུར་རོགས། 


  • ལེ་ཚན་སྔོན་མ།:དགེ་རྒན་དྲན་པའི་མགུར་དབྱངས་དད་པའི་རང་མདངས།
  • ལེ་ཚན་རྗེས་མ།:དགེ་རྒན་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།