དགེ་རྒན་དྲན་པའི་མགུར་དབྱངས་དད་པའི་རང་མདངས།

མགར་རྒྱལ་སྲས།        2017-09-11

ཡོན་ཏན་རིན་ཆེན་མཛོད་འཛིན་པ། །  

ཤེས་བྱའི་ཁྲིད་སྟེགས་སྡིངས་ན་བཞུགས། ། 

རིག་པའི་ལྡེ་མིག་བསྩལ་མཛད་པའི། །

དགེ་རྒན་ཁྱེད་ལ་བདག་ཕྱག་འཚལ། ། 


ལྷག་བསམ་བདུད་རྩིའི་བཞུར་རྒྱུན་ལས། ། 

ཤེས་རྨོངས་སློབ་བུའི་སྐོམ་གདུང་སེལ། ། 

ཐུགས་རྗེས་རིང་དུ་གཟིགས་པའི་མཐུས། །

རིགས་ཀྱི་མྱུ་གུ་ལེགས་པར་བསྐྱངས། ། 


སྒོ་སམ་གྲུ་བཞིའི་འགྲམ་ལོགས་སུ། ། 

ས་སྨྱུག་རྡུལ་གྱིས་གཡོགས་མཛད་པའི། ། 

རིགས་ཀྱི་སེམས་དཔའ་དགེ་བའི་བཤེས། ། 

སློབ་བུའི་མགོན་གྱི་ཉི་མ་ཡིན། ། 


ལས་བྱའི་འབྲི་དེབ་བྲག་ལྟར་བརྩིགས། ། 

ནོར་བཅོས་བཟང་བསྟོད་དུས་ཀུན་མཛད། །

གདུལ་བྱ་ལེགས་ལམ་འཇུག་མཛད་པའི། །

དགེ་བའི་བཤེས་གཉེན་དད་པའི་ཡུལ། ། 


འཚོ་བ་ཟས་གོས་ངན་ངོན་ཅན། ། 

དུས་ཀུན་སློབ་མའི་མདུན་ལམ་དགོངས། །

ཐུགས་ཀྱི་བཞེད་པ་རིགས་ཀྱི་དོན། །

ཁྱེད་ཀྱི་བཀའ་དྲིན་གང་གིས་མཚོན། ། 


གཞན་ཕན་ཉི་མའི་དྲོད་ཁོལ་ཅན། ། 

རིས་མེད་ཉི་འོད་རང་མདངས་ཅན། །

གདུལ་བྱའི་རྨོངས་པའི་མ་རིག་པ། །

ཉི་མའི་འོད་ཀྱིས་དབྱིངས་སུ་ཞི། ། 


ཤེས་རབ་ཟླ་བའི་བསིལ་ཟེར་ཅན། ། 

སློབ་བུ་ཀུ་མུད་དཔལ་དུ་ཤར། །

ཟླ་བའི་འོད་དཀར་ཤར་བའི་མཐུས། ། 

སློབ་བུའི་མུན་པའི་སྨག་རུམ་བསལ། །


དྲིན་ཅན་ཡན་གྱི་དྲིན་ཆེན་པོ། །

བདག་ཅག་མགོན་གྱི་སློབ་དཔོན་ཁྱེད། ། 

གདུལ་བྱ་རིས་མེད་སྐྱོང་མཛད་པ། །

མི་ཕྱེད་དད་པས་ཕྱག་འཚལ་ལོ། །


རང་ཚུགས་རི་རྒྱལ་ལྷུན་པོ་ཡིན། །

ཤེས་རབ་གངས་རིའི་རང་མདངས་ཡིན། །

ཁྱེད་ཉིད་དད་པའི་རྒྱན་དུ་ཆེ།། 

སློབ་དཔོན་ཁྱེད་ལ་བདག་ཕྱག་འཚལ། ། 


ཁྱེད་སྐུ་ཤེས་རབ་དཀྱིལ་འཁོར་ལས། ། 

ཐུགས་རྗེའི་འོད་ཟེར་ཕྱོགས་བཞིར་འགྱེད།།

ཤེས་རྨོངས་སློབ་བུའི་མགོན་པོ་རུ། །

སྐུ་ཡི་འོད་མདངས་སྟོང་ལྡན་ཡིན། །


ཁྱེད་གསུང་ཞལ་ལྗགས་བདེ་མོ་ཡིས། ། 

རིགས་ཀྱི་མདུན་ལམ་བསྒྲགས་ནས་ཡོད། ། 

རྟག་ཏུ་གཞན་ཕན་དོན་མཛད་པའི། ། 

གསུང་ལ་གསེར་གནག་རིལ་བུ་ཡོད། ། 


ཁྱེད་ཐུགས་ནམ་མཁའི་ཁྱོན་ཡངས་ལས།།

ཐུན་མོང་ཐུན་མིན་ཤེས་རབ་བཀྲ། །

གནའ་དེང་ཤེས་བྱ་དགོངས་མཛད་པའི། །

ཐུགས་ཀྱི་མཁྱེན་རྒྱ་མཐའ་མེད་ཡིན། ། 


ཁྱེད་ཀྱི་སྐུ་གསུང་ཐུགས་གསུམ་ལ། །

ཤེས་རབ་རིག་པའི་གཏེར་མཛོད་རྒྱས། །

བསོད་ནམས་དུས་སུ་ལེགས་སྨིན་ཏེ། །

ཁྱེད་ཀྱི་གདུལ་བྱར་གྱུར་འདི་རྨད། ། 


ཨེ་མ་བདག་གི་དགེ་བའི་བཤེས། ། 

ཡུན་རིང་དྲན་པའི་འདུན་པ་དེ། ། 

བདག་གི་ཐོ་རུ་བཀོད་པའི་མཐུས། །

ཁྱེད་སྐུ་ཡང་ཡང་མཇལ་བར་ཤོག །


ཁྱེད་ཀྱིས་བསྐྱངས་བའི་སློབ་བུའི་ཚོགས། །  

རིགས་ཀྱི་ཞབས་ནི་མ་འདྲེན་པ། ། 

དེ་ནི་ཐུགས་རྗེ་དཀར་པོ་ཡིས། །

དུས་ཀུན་བསྐྱངས་བའི་མཐུ་ལོས་ཡིན། ། 


སྐྱེ་བ་ཚེ་རབས་ཐམས་ཅད་དུ། །

སློབ་དཔོན་ཁྱེད་ཀྱིས་རྗེས་བཟུང་སྟེ། ། 

རིག་པའི་བློ་གྲོས་ཐོགས་མེད་དུ། ། 

མཁྱེན་རབ་ཆེན་པོའི་དཔལ་ཐོབ་ཤོག །


ཚེ་རབས་མུ་ཏིག་བསྟར་བ་ལ། །

ཁྱེད་ཀྱི་ཐུགས་རྗེ་སྨོན་ལམ་གྱིས། །

བདག་ནི་རྟག་ཏུ་སྐྱོང་བ་ཡི། ། 

མགོན་པོ་ཁྱེད་ཀྱིས་རྗེས་བཟུང་ཤོག །


དེ་ལྟར་དྲན་པའི་མགུར་དབྱངས་དེ། ། 

ཁྱེད་ཀྱིས་ཐུགས་རྗེས་བཟུང་བའི་བུས། །

སྙན་པའི་རྟ་ལ་སྦྱར་བ་འདི། ། 

ཁྱེད་སྐུ་བརྟན་པའི་རྒྱུ་རུ་ཤོག །

  • ལེ་ཚན་སྔོན་མ།:ལམ་སྟོན་མཆོག་ལ་སྙིང་ནས་བསྟོད།
  • ལེ་ཚན་རྗེས་མ།:དགེ་བའི་བཤེས་གཉེན།