ལམ་སྟོན་མཆོག་ལ་སྙིང་ནས་བསྟོད།

ཡེ་ཤེས།        2017-09-11

བློ་རིག་སྒོ་བརྒྱ་འབྱེད་པའི་དགེ་རྒན་མཆོག།

བློས་དཔོག་དཀའ་བའི་ཤེས་རིག་སྦྱིན་པ་གནང་།།

བློ་དམན་བདག་སོགས་མུན་པའི་གླིང་ནས་འདྲེན།།

བློ་ལྡན་མི་གྲལ་ཚུད་པ་ཁྱེད་ཀྱི་དྲིན།།

ནམ་མཁའི་ཉི་མའི་གཟི་འོད་ཁྱེད་ལ་མངའ།།

ནམ་ཡང་གདུལ་བྱ་རབ་འབྲིང་ཐ་གསུམ་སྐྱོང་།།

ཡངས་པའི་རྒྱ་མཚོའི་ཕ་མཐའ་མི་མངོན་ལྟར།།

ཡངས་པའི་ཐུགས་རྒྱ་སློབ་མ་ཡོངས་ལ་ཁེབས།།

མི་ཡི་རིགས་ཀྱི་བླ་སྲོག་སྐྲུན་པ་པོ།།

མི་རིགས་སྐད་ཡིག་དབུགས་རྒྱུན་མཐུད་པ་པོ།།

མི་གཞི་བཟང་པོའི་ས་བོན་འདེབས་པ་པོ།།

མི་ཚེའི་མདུན་ལམ་མ་ནོར་སྟོན་པ་པོ།།

བཟང་གསུམ་རྟེན་འབྲེལ་འཛོམས་པའི་དུས་ཆེན་འདིར།།

བཟང་དྲིན་འཛམ་གླིང་གསལ་བའི་དགེ་རྒན་ལ།།

བཟང་དགུ་འཛོམས་པའི་བཀྲ་ཤིས་སྨོན་འདུན་བཅས།།

བཟང་པོ་ལམ་སྟོན་མཆོག་ལ་སྙིང་ནས་བསྟོད།།


  • ལེ་ཚན་སྔོན་མ།:བར་ཐག
  • ལེ་ཚན་རྗེས་མ།:དགེ་རྒན་དྲན་པའི་མགུར་དབྱངས་དད་པའི་རང་མདངས།