རྨ་རྒྱལ་གངས་རིའི་སྙིང་གཏམ་།

ཕག་སྐོར་རིག་གྲོལ།(དཀར་མཛེས)        2017-09-06

དམར་སེར་འོད་ཀྱི་ལང་ཚོ་འབར་བ་མཚན་དཔེ་སྐྱེ་མཆེད་རྫོགས་པའི་སྐུ། །

སྲིད་ཞིའི་དབྱངས་སྙན་གཅིག་ཏུ་བསྡུས་ཀྱང་འགྲན་མེད་ཡན་ལག་དྲུག་ཅུའི་གསུང་། །

རྒྱལ་ཀུན་མཁྱེན་རབ་བཅུད་དུ་སྨིན་པ་སྒྲིབ་གཉིས་གདོད་ནས་དག་པའི་ཐུགས། །

ལྷག་པའི་ལྷ་མཆོག་འཇམ་དཔལ་དབྱངས་དེར་སྒོ་གསུམ་གུས་པས་སྙིང་ནས་འདུད། །

 

རབ་དཀར་ཟླ་ཤེལ་རི་བོའི་དཔལ་འཕྲོག་མཚར་སྡུག་བཞིན་གྱི་དཀྱིལ་འཁོར་ལས། །

བྱམས་བརྩེ་ཟུར་མིག་འོད་ཀྱི་ཞགས་པས་རིས་མེད་འགྲོ་ཀུན་གཅིག་ཏུ་བཅིངས། །

རིན་ཆེན་རྒྱུད་མངས་སོར་རྩེས་སྦྲེངས་པས་ཟབ་རྒྱས་ཆོས་ཀྱི་གླུ་ལེན་པ། །

རྒྱལ་ཀུན་ཡུམ་གཅིག་ཚངས་སྲས་མ་ཀྱེ་བདག་མགྲིན་ངག་རིག་གཏེར་དུ་སྒྲུབས། །

 

གངས་དཀར་མེ་ཏོག་ཕྱོགས་སུ་ལྡེམ་པ་རྫོགས་ལྡན་གཡང་གི་གྲྭ་གཅིག་ནས། །

ཟླ་ཤེལ་མུ་ཏིག་ཕུང་བོར་སྤུངས་འདྲའི་ཁ་བའི་རྡུལ་མང་བརྩེགས་པའི་རིར། །

རྨ་རྒྱལ་གངས་ཞེས་སྙན་པའི་བ་དན་ལྷར་བཅས་སྐྱེ་རྒུའི་འཇིག་རྟེན་ན། །

དྲི་བཞོན་རླབས་ཀྱི་གར་དང་ལྷན་ཅིག་རྩེན་པའི་དགེ་མཚན་སྲིད་ན་མཐོ། །

 

གང་ལ་མི་ཕྱེད་དུངས་པའི་མེ་ལྕེ་སྙིང་ནས་མཆེད་པ་ཕྲན་ཆུང་བདག།།

མཐོ་སྒང་སྟོང་ཕྲག་རི་བོའི་ཁྲོད་ན་གཟི་འོད་ལམ་ལམ་འབར་བ་ཡི། །

བརྟན་བརྗིད་ལྷུན་གྲུབ་གངས་རི་མཆོག་དེར་དངོས་མཇལ་སྐལ་བཟང་རིན་ཆེན་ནོར། །

དཔག་མེད་སྤྲོ་རྒུའི་དར་ཟབ་དང་བཅས་བརྩེ་ཆེན་དུས་ཀྱི་ལྷ་ཡིས་བྱིན། །

 

དེའི་ཚེ་རང་སེམས་འོ་མའི་མཚོ་ལ་དད་གསུམ་རླུང་གིས་བསྐུལ་པ་ལས། །

དམར་ཆུང་སྙིང་གི་རི་མོ་མཚོན་ཕྱིར་གུས་ཕྱག་རླབས་ཀྱི་མེ་ཏོག་ཕྲེང་། །

ཕུལ་ནས་དར་སྐུད་ཁུགས་པའི་རྗེས་འགྲོ་གནས་སྐོར་བགྲོད་ལམ་གྱ་གྱུ་མར། །

དགེ་ལྡན་ཆོས་ཀྱི་གྲོགས་དང་ལྷན་ཅིག་འགྲིམ་པའི་དཀའ་ཐུབ་བདག་གིས་བརྟེན། །

 

དེ་ལྟར་ཉིན་བྱེད་བདུན་ཕྲག་གཅིག་ལ་གནས་བསྐོར་རྒྱང་སྐྱོད་ལྷུར་བླངས་ཚེ། །

ཉིན་ཞིག་ནུབ་ཁའི་མཚམས་སྤྲིན་དམར་པོ་དགེ་ལེགས་འོད་ལྔ་འཛུམ་པའི་གཟིས། །

ཐལ་ཀར་གླང་ཆེན་མཆེ་བའི་རྗེས་འགྲོ་རྨད་བྱུང་གངས་འདིར་འཁྱུད་པའི་དུས། །

དཀར་དམར་མདངས་བཟང་འོད་དུ་འབར་བས་ནུབ་ཁའི་ལང་ཚོ་སྙིང་དུ་སྡུག།།

 

དེ་ནས་ཞིམ་མངར་བཟའ་བཏུང་བཅུད་ལ་ཅི་འདོད་ལོངས་སུ་སྤྱད་པའི་མཐར། །

ལྷོ་རྒྱུད་གངས་འདིའི་ངོ་མཚར་གཏམ་རྒྱུད་ཡིད་ལ་བྱེད་བཞིན་བདེ་བར་མནལ། །

ནམ་ཞིག་ཕྲན་ཆུང་གཉིད་དུ་ཡུར་བའི་རྨི་ལམ་འཕྲུལ་གྱི་རྒྱ་མཚོ་མར། །

བདེ་སྐྱིད་ཚོར་བ་རི་ལས་ལྕི་བའི་རླབས་ཕྲེང་ལུ་གུའི་རྒྱུད་དུ་བརྩེགས། །

 

མཚན་བཟང་འོད་ཀྱི་ལང་ཚོ་འབར་བ་དཀར་གསལ་དུང་གི་ཟླ་བའི་སྤུན། །

གསུང་གསང་སྙན་རྒུའི་རོལ་མོར་འཁྲོལ་བ་ཚངས་སྲས་ངག་གི་འགྱུར་ཁུགས་ཉིད། །

མཁྱེན་རབ་མེ་ལྕེ་གློག་ལས་འགྱུ་བའི་མཐོང་གྲོལ་ལྷ་ཡི་རྒྱལ་སྲས་ཤིག །

བྱམས་བརྩེ་སོ་འཛུམ་འོད་ཀྱིས་འཁྱུད་བཞིན་བདག་མདུན་ཐོལ་གྱིས་སླེབས་པ་རྨིས། །

 

དེ་ཚེ་བདག་ཡིད་མི་ཕྱེད་དད་པ་དོན་ཡོད་ཞགས་པའི་སྒྱུ་འཕྲུལ་གྱིས། །

རྣམ་མང་གུས་པའི་གར་གྱི་སྟངས་སྟབས་བརྒྱ་ཕྲག་གཅིག་ཏུ་བསྡུས་པ་ལས། །

འདོད་གསོལ་སྙིང་གི་འདབ་སྟོང་རྒོད་པའི་སོར་བཅུའི་མེ་ཏོག་གསར་བའི་རྒྱན། །

སྤྱི་བོར་བཀོད་བཞིན་གུས་ཕྱག་རླབས་ཕྲེང་ཅི་ཙམ་བརྩེགས་པ་སུ་ཡིས་རྟོགས། །

 

གང་ཚེ་རླབས་ཆེན་རྒྱལ་སྲས་མཆོག་གི་སྙན་འགྱུར་ངག་གི་རོལ་རྩེད་ལས། །

ཀྭ་ཡེ་གངས་སྐྱེས་རིག་པ་འཛིན་པ་རྨོངས་མུན་རྒྱ་ལས་གྲོལ་པའི་བུ། །

ང་ཡི་སྙིང་གི་གཏམ་གྱི་རོལ་མོ་གངས་ལྡན་ཁ་བའི་འཇིག་རྟེན་དུ། །

སྙན་རྒུའི་ངག་རིག་དབྱངས་ཀྱིས་འཁྲོལ་བའི་ལས་ཀྱི་ཁུར་ཆེན་ཁྱོད་ལ་གཏོད། །

 

ང་ནི་རྨ་རྒྱལ་གངས་རི་མཆོག་འདིར་གཉུག་མར་གནས་པའི་བདག་པོ་སྟེ། །

ང་ཡི་ལྷག་བསམ་འོད་ཀྱི་ལང་ཚོ་ཟླ་ཤེལ་གངས་ཀྱི་རི་ལས་གསལ། །

ང་ཡི་རླབས་ཆེན་ཕྱག་རྗེས་དཀར་པོ་མཁའ་ཡི་རྒྱུ་སྐར་བྱེ་བས་མཚོན། །

ང་ཡི་ཕུགས་བསམ་གསེར་གྱི་ཞགས་པ་རྨ་འབྲུ་ཆུ་བོའི་རྒྱུན་ལས་རིང་། །

 

དེ་ལྟར་ལགས་མོད་སྡེ་བཞིའི་ཕུན་ཚོགས་གཡས་སུ་འཁྱིལ་བའི་འཇིག་རྟེན་འདིར། །

སྙན་པའི་བ་དན་དགུང་ལས་མཐོ་བའི་བླ་རི་མཆོག་ཅིག་བདག་མིན་ཡང་། །

རང་གི་ལྷག་བསམ་དུང་ལས་དཀར་བས་ཕྱོགས་མེད་གླིང་བཞིའི་ཁོར་ཡུག་ན། །

ང་ཡི་མཛད་འཕྲིན་གཟི་འོད་འབར་བ་དཔྱོད་ལྡན་སྙིང་ན་རི་མོར་གསལ། །

 

ང་ཡི་བརྩེ་ཞེན་བཅུད་ལས་འཁྲུངས་པའི་རྨ་ཀློང་གསེར་ལྡན་སྒེག་པ་མོས། །

ཁྲག་ཁྲིག་གློག་སྒྲོན་ནོར་བུའི་གཏེར་མཛོད་རང་ཤུགས་འཕྲུལ་གྱིས་ལེགས་ཕྱེས་ནས། །

ལྷོ་གླིང་འཛིན་མའི་གར་སྟེགས་ཡངས་པོར་བརྩེ་ཆེན་རླབས་ཀྱི་ཕྱག་ཟུང་གིས། །

རྣམ་མང་སྐྱེས་དངོས་གཉིད་ལས་བསླངས་པའི་དགེ་མཚན་ཟློས་གར་རྫོགས་ཡོད་མིན། །

 

དེ་དང་དེ་ལྟའི་མཛད་འཕྲིན་ནོར་བུ་གྲངས་རིག་རྩིས་ལ་མཁས་པའི་བུ། །

བརྒྱ་ཕྲག་སྟོང་གིས་སྲིད་མཐའི་བར་དུ་ཤེས་རབ་རྩལ་གྱིས་གཞལ་དཀའ་ཡང་། །

དེང་འདིར་བདག་གི་མགྲིན་པའི་དུང་དཀར་བརྗོད་འདོད་དབུགས་ཀྱིས་ཅུང་སྐུལ་ན། །

གང་དག་སྲིད་འདིར་དབྱངས་སུ་གྱེར་ལ་བཀའ་ཐུབ་ངལ་བས་མ་ཟིན་མོད། །

 

རང་གི་མཛད་འཕྲིན་རང་གིས་གླེང་བ་ཚུལ་ལྡན་ལས་སུ་མ་མཐོང་བས། །

ད་ནི་སྙིང་གཏམ་སྙིང་གི་མེ་ཏོག་གངས་ལྗོངས་གཞིས་བྱེས་བྱེ་བ་རྒུར། །

རིས་མེད་སྙོམས་པོར་འགྲེམ་པའི་ལས་འདི་སླར་ཡང་ཁྱོད་ལ་ཉེར་གཏད་ན། །

རྩེ་གཅིག་མ་གཡེལ་བསྒྲུབ་ལ་བརྩོན་དང་དོན་བཟང་འབྲས་བུ་ཁྱོད་ལ་སྨིན། །

 

སྤྲེ་འུ་བྲག་སྲིན་ཡབ་ཡུམ་ཟུང་གི་དུང་སེམས་མེ་ལྕེ་དམར་པོའི་རླབས། །

ཕན་ཚུན་སྙིང་ནས་ཡུན་རིང་བསྐྱོད་པའི་རྟེན་འབྱུང་འཕྲུལ་གྱི་ཆོ་ག་ལས། །

ལེགས་འཁྲུངས་གདུང་དྲུག་བོད་མིའི་རུས་རྒྱུད་སྦྲང་ཆང་ཁམ་གྱིས་འཐུང་བ་ཡི། །

མཆོག་དམན་རྒན་གཞོན་བར་མའི་ཚོགས་ལ་སྙིང་གི་བདེན་གཏམ་འདི་སྐད་ཞུས། །

 

མཐོ་བ་དྲེགས་ལྡན་བླ་དཔོན་ཚོགས་དང་དམའ་བ་སྤྲང་འཁྱམ་སུ་ཡིན་ཡང་། །

བདག་གི་ལྷག་བསམ་སོར་མོས་བརྐྱངས་པའི་སྙིང་གཏམ་དར་གྱི་ལེགས་སྐྱེས་འདི། །

ཤ་ཁྲག་གདོས་བཅས་ལུས་ཀྱིས་ཕུང་པོ་རྣམ་ཤེས་དྲོད་དང་འབྲལ་བའི་བར། །

རང་ཉིད་མཛེས་པའི་རྒྱན་དུ་སྤྲས་དང་ཐོག་མཐའ་བར་དུ་ཅི་ཡང་དགེ །

 

གནའ་དུས་བསིལ་ལྡན་གངས་རིའི་ལྗོངས་ནས་ལུགས་གཉིས་བ་དན་བསྐྱོད་པའི་རླབས། །

ཕྱོགས་མེད་གླིང་བཞིའི་མཐའ་རུ་རྩེན་པས་རྫོགས་ལྡན་ལོངས་སྤྱོད་གཡས་སུ་འཁྱིལ། །

དེང་དུས་སཱ་ལའི་སྨན་གྱི་ཚལ་འདིར་རྗེས་ལུས་སྤྲིན་གྱི་གདེངས་ཀ་ལས། །

ཚུལ་མིན་ལས་ཀྱི་དྲག་ཆར་འབེབ་འདི་ཐོག་མའི་རྟེན་འབྱུང་གང་གིས་ཉེས། །

 

དགེ་ལེགས་ནོར་བུའི་མཛོད་དུ་བཟླུམས་པ་རྒྱལ་བསྟན་འོ་མའི་ཆུ་གཏེར་ཆེར། །

ཕྱོགས་འཛིན་གདོན་གྱི་འཐོར་རླུང་དྲག་པོས་ཡང་ཡང་བསྐུལ་པའི་གདུག་རྩུབ་ལས། །

གསར་རྙིང་གྲུབ་མཐའི་གཡུལ་འགྱེད་རླབས་ཕྲེང་ཕྱོགས་སུ་རྩེན་པའི་ཟློས་གར་ལ། །

ལུས་མེད་བདུད་སྡེ་འཁོར་དང་བཅས་པའི་དགའ་སྤྲོའི་འཛུམ་དཀར་ཁོང་ནས་རྒོད། །

 

རང་ཉིད་ཚེ་འདིའི་སྐྱིད་སྡུག་ལེགས་ཉེས་མངོན་ཤེས་ཐུགས་ཀྱིས་མི་མཁྱེན་པར། །

འགྲོ་ཀུན་ཕྱི་མའི་ལམ་སྣ་འདྲེན་པའི་དེང་སང་དུས་ཀྱི་སྐུ་སྐྱེ་འགའ། །

འབྱོར་ལྡན་ནོར་ལ་སྲེད་ཤ་འབར་བས་རྫུན་གཏམ་ལུང་གི་ལྕགས་ཀྱུ་ཡིས། །

གཞན་རྫས་རང་ལ་འགུག་པའི་རྣམ་ཐར་ཕྲ་མེན་བདུད་ཀྱི་ཆོ་འཕྲུལ་ཉིད། །

 

རྔམ་བརྗིད་ཁྲི་ལ་ཐབས་ཀྱིས་བཞུགས་པའི་དེང་རབས་བོད་ཀྱི་དཔོན་ཆེན་དག །

དམངས་དོན་ཚུལ་བཞིན་སྒྲུབ་པའི་སེམས་འགྱུ་མཁའ་ལམ་པད་མོའི་རྗེས་འགྲོ་ཡང་། །

རྣམ་ཀུན་བག་ཡངས་རྩེ་དགའི་གྲོང་ནས་ཚུལ་མིན་གར་ལ་རོལ་བཞིན་དུ། །

ལྐོག་རྔན་སྒོར་གྱི་སྲབ་མཐུག་དྲན་འདི་རླབས་ཆེན་མཛད་བཟང་ཡིན་ནམ་ཅི། །

 

བཀའ་པོད་གཞུང་བརྒྱ་འདོམ་ལ་འཇལ་བའི་གྲགས་ལྡན་ཆོས་ཀྱི་གྲྭ་གཅིག་ན། །

སྲིད་པའི་ཆོས་བརྒྱད་དབང་དུ་འབྱོར་པའི་དེང་རབས་བློ་གསལ་དགེ་བཤེས་ཚོས། །

ང་རྒྱལ་ཕྲག་དོག་མེ་རུ་སྦར་ཞིང་ཕྱོགས་འཛིན་བདུད་པོའི་སོ་འཛུམ་གྱིས། །

འཁོར་འབངས་གཉིས་སྐྱེས་ཐབས་ཀྱིས་སྡུད་འདི་རྒྱལ་སྲས་ལག་ལེན་ཡིན་ནམ་ཅི། །

 

ལྔ་རིག་འཇའ་ཚོན་གཡས་སུ་འཁྱིལ་བའི་བསིལ་ལྡན་རིག་པའི་དགའ་ཚལ་ལས། །

སྙན་འགྱུར་ངག་གི་རྒྱུད་མངས་འཛིན་པའི་དཔྱོད་ལྡན་པིར་ཐོགས་གཞོན་ནུའི་ཚོགས། །

གསར་རྩོམ་ལས་ལ་སྤྲོ་རྒུས་འཇུག་འདི་རླབས་ཆེན་དོན་བཟང་ཡིན་ན་ཡང་། །

གཞན་རྩོམ་བསྐྱར་བཅོས་ཁོ་ནར་བརྩོན་ན་གསར་གཏོད་འབྲས་བཟང་ཇི་ལྟར་སྨིན། །

 

ངུར་སྨྲིག་ག་ཤལ་རྒྱན་དུ་སྤྲས་པའི་བྱ་བཏང་བློ་གསལ་བཙུན་པ་འགའ། །

འབྱོར་ལྡན་འབྲོག་པའི་རི་ལུང་ཉུལ་ནས་གསུང་རབ་ངག་གི་འགྱུར་ཁུགས་ལ། །

ལོ་ཟླའི་འཁོར་སྐྱོད་རྣམ་དབྱེ་མེད་པར་འདོད་རྒུར་འདྲེན་པའི་དཀའ་ཐུབ་ངལ། །

རྒྱན་དུ་ལེན་པའི་སྙིང་སྟོབས་དར་བ་མཁོ་རྒུའི་ཡང་རྩེ་སྒོར་གྱི་འཕྲུལ། །

 

རིམ་དགུ་ཐེག་པའི་གྲངས་ཀྱི་རི་མོ་ཀུན་རྟོགས་དབྱིངས་སུ་སྟོངས་ན་ཡང་། །

མཐུ་དང་སྟོབས་ལ་དབང་དུ་འབྱོར་པའི་གྲུབ་ཆེན་གོ་འཕང་བརྙེས་རློམ་པའི། །

ལུས་ཀྱི་རྫིག་རྔམ་ཁེངས་པས་དྲེགས་པ་དེང་རབས་སྔགས་འཆང་རེ་འགའ་ཞིག །

སེམས་ཀྱི་དེ་ཉིད་གདོང་ལས་ངོམ་བཞིན་འབྱོར་ལྡན་འབྲོག་པའི་ཁྱིམ་ན་འགྲེང་། །

 

ཤེས་རིག་མེ་ཏོག་ཕྱོགས་སུ་ལྡེམ་པ་བསིལ་ལྗོངས་རིག་པའི་གྲྭ་གཅིག་ནས། །

རྒྱན་འགྱེད་དུ་ཆང་ཟློས་པའི་གར་ལ་སྙིང་ནས་ཞེན་པའི་དགེ་རྒན་འགའ། །

རིགས་མཐུན་ན་ཆུང་བྱིས་པའི་ཚོགས་རྣམས་བསླབ་ཚིག་གཏམ་གྱིས་མི་སྐྱོང་བར། །

ཚུལ་མིན་ལས་ཀྱི་ཉེས་ཅན་བཞིན་དུ་ཁྲིམས་གཅོད་བྱེད་འདིར་ཅི་ཡང་སྐྱོ། །

 

ལུས་ཀྱི་ཀུན་སྤྱོད་ཀུན་གྱིས་བརྙས་པའི་གངས་སྐྱེས་གཞོན་དར་སློབ་བུ་འགས། །

ངག་ནས་ཡུམ་སྐད་གསེར་གྱི་སྦྲམ་བུ་གཞན་སྐད་ཐལ་བར་བསྲེས་བཞིན་དུ། །

ཡིད་དུ་ཇག་དང་ཁྲམ་པའི་ལས་དག་རྣམ་ཀུན་སྙིང་ལ་བཅངས་པ་འདིར། །

གསུམ་བཟང་སློབ་བུའི་མཚན་གྱི་རི་མོ་སྟོང་ཆེན་ནམ་མཁའི་དབྱིངས་སུ་འཛུམ། །

 

སྲོལ་ངན་དུག་ཞགས་རྒྱ་རུ་རྩེན་པའི་གདོང་དམར་རིགས་ཀྱི་ཡབ་ཡུམ་ཚོས། །

རང་གི་ཤ་ཁྲག་བཅུད་ལས་མཆེད་པའི་བློ་གསལ་བུ་དང་བུ་མོའི་ཚོགས། །

ཟླ་བྲལ་ཤེས་རིག་རྒྱ་མཚོའི་འཇུག་ངོགས་སློབ་པའི་གྲྭ་རུ་མི་གཏོང་བར། །

གནག་ཕྱུགས་སྐྱོང་བའི་ལས་ཀྱི་ཁུར་ཆེན་རིང་ནས་གཏད་འདི་བདུད་ཀྱི་འཕྲུལ། །

 

རང་དབང་རང་འཐད་སྙན་པའི་རོལ་མོ་ཕྱོགས་མེད་གླིང་བཞིའི་ཁྱོན་ན་འཕུར། །

དེ་ལྟའི་འཇིག་རྟེན་ལས་ཀྱི་མཛད་བཟང་སྲིད་པའི་དགེ་ལེགས་མཆོག་ཏུ་བསྟོད། །

གཞན་དབང་གཞན་འཐད་སྐྱོ་བའི་མིག་ཆུ་གངས་རིའི་ལྗོངས་ནས་རླབས་ཀྱིས་འཕྱོ།།

དེ་ལྟའི་རྙིང་ཞེན་ལས་ཀྱི་གཉེན་སྲོལ་སྡུག་ཡུས་མཆི་མའི་རྒྱ་མཚོ་ཉིད། །

 

རྩྭ་ལྗང་མེ་ཏོག་ཕྱོགས་སུ་ལྡེམ་པ་འབྲོག་ཐང་གཡང་གི་དགའ་ཚལ་ལས། །

དཔའ་དང་རྩལ་གྱི་རང་སྟོབས་དར་བ་གངས་སྐྱེས་སྟག་ཤར་གཞོན་ནུའི་ཚོགས། །

མཛའ་གཅུགས་ལག་རྡང་དམ་དུ་སྦྲེལ་ནས་རླབས་ཆེན་ལས་དོན་མི་སྒྲུབ་པར། །

མདའ་གྲི་དུག་མཚོན་འཐབ་པའི་ཀློང་ནས་གཅེས་སྲོག་དོར་འདི་ཅི་ཡིས་ཉེས།།

 

གང་ཞིག་བསིལ་ལྡན་ཁ་བའི་ལྗོངས་འདིར་བདེ་སྡུག་ལེགས་ཉེས་མཐའ་ཡས་པས། །

དེ་དག་རེ་རེ་ཞིབ་ཏུ་བརྗོད་ལ་ཚངས་ཆེན་བློ་ཡང་རྨོངས་འགྱུར་མོད། །

མཚང་ལ་རྒོལ་བ་གདམས་པའི་མཆོག་ཏུ་རྣམ་མང་མཁས་རྒུས་བསྔགས་མཐོང་ནས། །

འགའ་ཞིག་ཉེས་པ་སོར་རྩེས་བགྲང་འདི་རྨ་རྒྱལ་གངས་རིའི་སྙིང་གཏམ་ཡིན། །

 

དེ་དང་དེ་ལྟའི་སྙིང་གི་བདེན་ཚིག་མཚང་འབྱིན་གཏམ་གྱི་འཁོར་ལོ་འདི། །

གངས་ལྗོངས་གཞིས་བྱེས་བྱེ་བ་རྒུ་ལ་ལྷན་འཛོམ་རེ་བའི་འབོད་སྒྲ་དང་། །

མཛའ་མཐུན་ཕྱག་ཟུང་གཅིག་ཏུ་སྦྲེལ་བའི་མ་བཅོས་སྙིང་གི་སྨོན་འདུན་དུ། །

ལྷག་བསམ་ཟླ་ཤེལ་ཁ་བའི་ཀློང་ལས་ཐོལ་གྱིས་ཕུལ་འདི་དགེ་གྱུར་ཅིག །

 

དེ་སྐད་གསུང་བཞིན་རྒྱལ་སྲས་མཆོག་དེ་གློ་བུར་བདག་དང་གྱེས་པའི་ཚེ། །

གྱེས་བྲལ་གདུང་བ་སྙིང་ལ་ལྷུང་བས་རབ་རིབ་གཉིད་ལས་ཡོངས་སུ་སད། །

དེའི་ཚེ་བདག་གི་མཐོང་བྱེད་ལམ་དུ་རླབས་ཆེན་རྨ་རྒྱལ་གངས་ཀྱི་རིར། །

ཞོགས་པའི་ཉི་གཞོན་འོད་ཀྱིས་འཁྱུད་པས་གངས་དཀར་གཟི་འོད་ཕྱོགས་སུ་འབར། །

 

དེ་ནས་བདག་ཀྱང་གངས་རིའི་ལྗོངས་ལ་བརྩེ་ཞེན་ལང་ཚོ་འབར་བ་དང་། །

གང་གི་བཀའ་ལུང་ཚངས་པའི་རོལ་མོ་ཡང་ཡང་དཀྲོལ་པའི་རྟེན་འབྱུང་ལས། །

རྨ་རྒྱལ་གངས་རིའི་སྙིང་གི་བདེན་གཏམ་ངག་རིག་དབྱངས་སུ་གྱེར་པ་འདི། །

རྣམ་མང་སྐྱེ་རྒུ་ཞི་བའི་བདེ་ལ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག །

 

དེ་སྐད་མ་བཅོས་སྙིང་གི་རི་མོ་དགེ་ལེགས་གཡས་སུ་འཁྱིལ་བའི་དུང་། །

དྲི་མེད་ལྷག་བསམ་དབུགས་ཀྱིས་བསྐུལ་པས་སྙན་འགྱུར་ངག་གི་རིག་བྱེད་དབྱངས། །

རྫོགས་ལྡན་དཔྱིད་ཀྱི་ལང་ཚོ་འབར་བའི་དུས་བདེ་མདུན་སྐྱོད་གསར་བའི་མགྲོན། །

རབ་དཀར་གངས་ལྡན་ཁ་བའི་ལྗོངས་སུ་བདེ་བླག་བསུ་བའི་སྐྱེས་སུ་འབུལ། ། 


  • ལེ་ཚན་སྔོན་མ།:ཧེ་ཙེའི་སྙན་ངག་ཐུང་ངུ་ལྔ།
  • ལེ་ཚན་རྗེས་མ།:གླིང་སྒྲུང་ལ་བསྟོད་པ་གཙང་ཆུ་སྔོན་མོའི་ཡོན་ཆབ།