གླིང་སྒྲུང་ལ་བསྟོད་པ་གཙང་ཆུ་སྔོན་མོའི་ཡོན་ཆབ།

ལྕང་ཞབས་པ་འགྱུར་མེད་ཚེ་དབང་། ༼དཀར་མཛེས། ༽        2017-09-06

ཨོ་རྒྱན་པདྨའི་སྤྲུལ་བ་མཆོག།

གེ་སར་ནོར་བུ་དགྲ་འདུལ་དེས།།

འགྲོ་ལ་འཚེ་བའི་བདུད་སྡེ་དཔུང་།།

འཇོམས་པར་མཛད་པའི་ལོ་རྒྱུས་དང་།།

 

ཐུགས་ཀྱི་དགོངས་བཞེད་ལ་སོགས་པ།།

རྟོགས་བརྗོད་རིག་པའི་གླིང་ག་ན།།

ཞིབ་འཇུག་འགན་ལེན་མཛད་པ་པོ།།

པཎ་ཆེན་བློ་བཟང་ཆོས་རྒྱན་དང་།།

 

རྒྱལ་དབང་བློ་བཟང་རྒྱ་མཚོ་དང་།།

བྲག་སྒོམ་བསྟན་པ་རབ་རྒྱས་པ།།

སུམ་པ་ཡེ་ཤེས་དཔལ་འབྱོར་དང་།།

ཀཿཐོག་ཚེ་དབང་རིག་འཛིན་དང་།།

 

མི་ཕམ་འཇམ་དབྱངས་རྣམ་རྒྱལ་དང་།།

གྲུབ་ཐོབ་བྱང་ཆུབ་འདྲེ་བཀོལ་དང་།།

མཁས་དབང་ཚེ་གཏན་ཞབས་དྲུང་བཅས།།

གུས་པས་དུད་ནས་གཞུང་ལ་འཇུག།

 

བློ་གསལ་སྔ་བསམ་ཕྱི་འདིང་ཅན།།

བྱ་བའི་བཏང་འཛིན་ཚད་ཤེས་པ།།

རྒན་རབ་ཕོ་མོ་དེ་དག་ལ།།

གླིང་སྒྲུང་ནུས་པ་མ་ཐོན་མེད།།

 

མི་མང་འདུ་ར་བསྡུ་བ་དང་།།

གྲོགས་མེད་ཁེར་རྐྱང་ལུས་པ་དང་།།

རྒན་པོ་ཐབ་ཚང་ལྷུང་བ་ལ།།

གླིང་སྒྲུང་བཤད་ནས་སྤྲོ་བ་བསྐྱེད།།

 

མི་རྒོད་ཡིག་རྨོངས་སེལ་བ་དང་།།

ཨ་ཁུས་ཁ་འདོན་འདོན་པ་དང་།།

ཡིག་རྨོངས་རྒན་པོའི་ཁ་བཤད་ལ།།

གླིང་སྒྲུང་གྲོགས་སུ་གྱུར་ནས་ཡོད།།

 

རྩོམ་རིག་སྒྱུ་རྩལ་རྒྱས་པ་དང་།།

བསམ་བློ་ཕུན་སུམ་ཚོགས་པ་དང་།།

ཕལ་འདོན་ཨ་མཆོད་མཁས་པ་ལ།།

གླིང་སྒྲུང་རམ་འདེགས་མཆོག་ཏུ་བསྔགས།།

 

མི་རིགས་སྲོག་རྩ་སྐད་ཡིག་དང་།།

ལོ་རྒྱུས་རྒྱབ་ལྗོངས་སྣ་ཚོགས་དང་།།

གཏམ་དཔེ་འདྲ་མིན་ཤེས་པ་ལ།།

གླིང་སྒྲུང་རྨང་གཞི་གྱུར་ནས་ཡོད།།

 

སྡར་མ་དཔའ་སྙིང་བསྐྱེད་པ་དང་།།

དཔའ་བོ་ཞི་འཇམ་བསྒྱུར་བ་དང་།།

བར་མས་འགྲོ་ལུགས་ཤེས་པ་ལ།།

གླིང་སྒྲུང་ནུས་པ་མ་ཐོན་མེད།།

 

བླ་སློབ་མཚན་ཉིད་འཇོག་ལུགས་དང་།།

གྲྭ་བཙུན་ཆོས་ཞུགས་བྱེད་ཚུལ་བཅས།།

གང་འཚམས་རེའང་བསྟན་པ་ཡི།།

གླིང་སྒྲུང་རྒྱུན་ཤེས་འདུས་མདོ་རེད།།

 

གོང་དཔོན་ལུའི་གྲལ་དུ་གླིང་སྒྲུང་ཡོད།།

མ་སྲུ་མོའི་ཚོགས་ལ་གླིང་སྒྲུང་ཡོད།།

ཤེས་རིག་པའི་སྡེ་ན་གླིང་སྒྲུང་ཡོད།།

གླིང་གེ་སར་ཤེས་རིག་ཀུན་ལ་ཁྱབ།།

 

མཛོད་དཔེ་ཁང་ནང་ན་གླིང་སྒྲུང་ཡོད།།

འཁྱམ་ཟློས་གར་ཁ་ན་གླིང་སྒྲུང་ཡོད།།

སྔགས་སྒྲུབ་ཁང་ནང་ན་གླིང་སྒྲུང་ཡོད།།

གླིང་གེ་སར་ཤེས་རིག་ཀུན་ཁྱབ་རེད།།

 

བསང་གསོལ་ཀའི་ཁ་ན་གླིང་སྒྲུང་ཡོད།།

མཆོད་བསྟོད་པའི་ཁ་ན་གླིང་སྒྲུང་ཡོད།།

དབྱངས་སྙན་པོའི་ཁ་ན་གླིང་སྒྲུང་ཡོད།།

གླིང་གེ་སར་ཤེས་རིག་ཀུན་ཁྱབ་རེད།།

 

མཐོ་བླ་དཔོན་ཁ་ན་གླིང་སྒྲུང་ཡོད།།

དམའ་སློང་མོའི་ཁ་ན་གླིང་སྒྲུང་ཡོད།།

བར་ཕལ་བའི་ཁ་ལ་གླིང་སྒྲུང་ཡོད།།

གླིང་གེ་སར་ཤེས་རིག་ཀུན་ཁྱབ་རེད།།

 

མཐོ་གངས་དཀར་རྩེ་ནས་གླིང་སྒྲུང་གྲག།།

དམའ་ལུང་གསུམ་མདོ་ནས་གླིང་སྒྲུང་འབབ།།

འབྲོག་རྩྭ་ཐང་ཡུལ་ལ་གླིང་སྒྲུང་ཁྱབ།།

གླིང་གེ་སར་ཤེས་རིག་ཀུན་ཁྱབ་རེད།།

 

མོ་སྨན་ཆུང་བག་མ་འགྲིམ་ཉིན་མོ།།

མ་སེང་ལྕམ་འབྲུག་མོའི་མཛེས་གཡང་ལས།།

ཟུར་གཅིག་ཙམ་གཡར་པོ་བྱེད་པ་ན།།

མཛེས་ཡོན་ཏན་འགྲན་ཟླ་མེད་སྐད་བཤད།།

 

བུ་སྟག་ཤར་མག་པར་འགྲོ་ཉིན་མོ།།

གླིང་གེ་སར་བརྗིད་ཀྱི་རྫིག་ཉམས་ལས།།

ཟུར་གཅིག་ཙམ་གཡར་པོ་བྱེད་པ་ན།།

རྫིག་ཡོན་ཏན་འགྲན་ཟླ་མེད་སྐད་བཤད།།

 

བུ་དཔའ་བོ་དམག་ལ་འགྲོ་ཉིན་མོ།།

གླིང་འདན་མའི་དཔའ་རྩལ་བློ་ཁོག་ལས།།

ཆ་ཙམ་ཞིག་ཁྱེད་ལ་ལྡན་ན་ནི།།

ཕོ་རྒོད་པོས་འགྲན་ཡང་དོ་ཟླ་མེད།།

 

མི་རྒན་པོས་བློ་ཕུད་བྱེད་ཉིན་མོ།།

གླིང་སྤྱི་དཔོན་ཁོག་ཤེས་བློ་གྲོས་ལས།།

སྣེ་གཅིག་ཙམ་ཁྱེད་ལ་ལྡན་ན་ནི།།

བློ་སྟོང་དང་བསྡུར་ན་ཞན་པ་མིན།།

 

བོད་མཁས་པ་བགྲོ་གླེང་འགྲོ་ཉིན་མོ།།

གླིང་གེ་སར་ཤེས་རིག་གླིང་ག་ནས།།

ཟུར་གཅིག་ཙམ་གླེང་རྒྱུ་རྙེད་ན་ནི།།

སྡེ་ཡོན་ཏན་ཅན་ལ་སྐྲག་མི་དགོོས།།

 

རྩོམ་བཟང་ངན་སྒྱུ་རྩལ་གླེང་ཉིན་མོ།།

གླིང་གེ་སར་སྒྲུང་རྩོམ་རིང་མོ་ལས།།

ཕྱོགས་གཅིག་ཙམ་གླེང་སྤོབས་ལྡན་ན་ནི།།

རྩོམ་འུར་སྒྲོག་ཅན་ལ་ཞེད་མི་དགོས།།

 

བུ་བུ་མོའི་བག་སྟོན་ནང་ན་གེ་འབྲུག་མཁོ།།

སྟག་ཤར་རས་རྟ་རྩལ་རྩེ་ན་གེ་འབྲུག་བཤད།།

གནས་ལྗོངས་རྒྱུ་ཡུལ་སྐོར་གླིང་ན་གེ་འབྲུག་མཁོ།།

གླིང་གེ་འབྲུག་གཉིས་ཀྱི་བཞག་པ་བཤད་མི་ཚར།།

 

གནས་ལྷ་བཤད་བྱེད་ན་ལྷ་སྲས་དགྲ་ལྷ་མཁོ།།

བུ་ཡ་རབས་བཤད་ན་རྒྱ་ཚ་ཞལ་དཀར་ཤར།།

དཔའ་བློ་ཁོག་བཤད་ན་འདན་མ་སྤྱང་ཁྲ་བཤད།།

སྟོབས་ཤེད་ཤུགས་བགྲོ་ན་དགའ་བདེ་བེར་ནག་བགྲོ།།

 

གླིང་སྒྲུང་བསྟེན་ནས་དཔལ་འབྱོར་གང་འཚམས་རྙེད།།

གླིང་སྒྲུང་འདི་ཡིས་འགྲོ་རོགས་འདུག་རོགས་བྱེད།

གླིང་སྒྲུང་བསྟེན་ནས་སེམས་གསོ་བདུད་རྩི་བྱེད།།

གླིང་སྒྲུང་བྱས་རྗེས་ཀུན་ལ་གསལ་ནས་ཡོད།།

 

གླིང་སྒྲུང་འདི་ཡིས་རིག་གནས་རྨང་གཞི་བཞག།

གླིང་སྒྲུང་བསྟེན་ནས་ཆོས་ལ་འཇུག་ནི་ཡོད།།

གླིང་སྒྲུང་འདི་ཡིས་རིག་པ་རྣོ་བར་བྱེད།།

གླིང་སྒྲུང་བྱས་རྗེས་ཇེ་གསལ་ཇེ་གསལ་རེད།།

 

བཙན་པོ་གནོན་ཞིང་གཉོམ་ཆུང་སྐྱོང་བ་དང་།།

ཡ་རབ་ལས་ལ་འཇུག་ཚུལ་མ་ནོར་བ།།

ཞི་རྒྱས་དབང་དྲག་གང་ལ་གང་དགོས་སོགས།།

ཇི་བཞིན་བསྟན་པའི་ལམ་མཆོག་རིན་ཆེན་ཡིན།།

 

གླིང་སྒྲུང་བསྟན་པ་དར་སའི་ཡུལ་གྲུ་ཡང་།།

སོག་པོ་དང་ནི་ཤ་ར་ཡུར་གུ་དང་།།

འཇང་དང་ཧོར་དང་ཕི་མིའི་མི་རིགས་དང་།།

ནཻ་པ་ལ་དང་འབྲུག་པ་འབྲས་ལྗོངས་དང་།།

 

ད་དུང་ཨུ་རུ་སུ་ཡི་སྦི་ཡ་ཐེ།།

པ་ཀེ་སི་ཐན་དང་ནི་རྒྱ་གར་དང་།།

མོལ་གོ་ལ་སོགས་ཡུལ་གྲུ་མཐའ་དག་ལ།།

གང་ལ་གང་འཚམས་ཁྱབ་ནས་ཡོད་པ་ཡིན།།

 

རྒྱལ་ཁབ་གཞན་གྱི་ཡིག་ཐོག་ཡོད་པ་ནི།།

དབྱིན་ཇི་དང་ནིཨུ་རུ་སུའུ་རྒྱལ་དང་།།

ཧྥ་རེན་སི་དང་ཞི་པ་ཡན་རྒྱལ་དང་།།

རྒྱ་གར་རྒྱ་ནག་འཇར་མན་ལ་ཏིང་ངོ།།

 

སྒྲུང་པ་ནང་ནས་སྒྲུང་པ་སྐད་གྲགས་ཅན།།

གྲགས་པ་དང་ནི་ཚེ་རིང་དབང་འདུས་དང་།།

གཡུ་མེ་དང་ནི་གུ་རུ་རྒྱལ་མཚན་དང་།།

བསམ་འགྲུབ་ལ་སོགས་ཤིན་ཏུ་མང་པོ་བྱུང་།།

 

གླིང་སྒྲུང་རིགས་ལ་དབྱེ་བ་ཆེས་མང་ཡང་།།

བསྡུས་ན་བབ་སྒྲུང་འབྲི་སྒྲུང་པྲ་ཕབ་སྒྲུང་།།

བསླབ་སྒྲུང་ཐོས་སྒྲུང་བརྒྱུད་སྒྲུང་རིགས་དྲུག་ཡོད།།

དེ་ལྟར་གླིང་སྒྲུང་བཤད་པ་རེ་ཞིག་བཞག།

 

སྤྱིར་ན་གླིང་སྒྲུང་རིག་པ་རྒྱ་མཚོ་ལ།།

འཇུག་པའི་སྐྲ་ཉག་རྩེ་ལས་བྱུང་བ་ཡི།།

ཤེས་རིག་ཐིགས་པ་འདིས་ཀྱང་རང་རེ་ཡི།།

གངས་ཅན་རིག་མཛོད་དར་ཞིང་རྒྱས་གྱུར་ཅིག།


  • ལེ་ཚན་སྔོན་མ།:རྨ་རྒྱལ་གངས་རིའི་སྙིང་གཏམ་།
  • ལེ་ཚན་རྗེས་མ།:སྙན་ངག་གི་ཕྱི་ཤ་སྒྱུ་རྩལ་རེད།