བུ་རབས་ཚ་རྒྱུད།

ལི་སྨད་ཉི་གཞོན།        2017-09-04

མེས་པོ་ཚོའི་ཞབས་ཀྱིས་བཅགས་ཤིང་།

ས་སྒང་གི་བླ་ན་འཕགས་པའི།

དཔའ་མཛངས་དང་རྟུལ་ཕོད་ཀྱི་གནས་མལ།

གངས་ཅན་ལྗོངས།

ཨ་ཕའི་སྙིང་སྟོབས་ཀྱི་གངས་རི་མཁའ་ལ་བསྒྲེངས་ཡོད།

ཨ་མའི་མཁས་མཛངས་ཀྱི་མཚོ་མོ་ལྡེམ་མེར་འཁྱིལ་ཡོད།

ང་ཚོའི་བློ་སྤོབས་ཀྱི་གཤོག་པས་གནམ་འཕངས་བཅད་ཡོད།

ཨ་་་་གངས་ཅན་པ།

མེས་པོ་ཡི་དཔའ་མཛངས་དང་བློ་སྤོབས།

འུ་ཅག་གི་སྙིང་ནོར་ཡིན།

འུ་ཅག་གི་སྤོབས་པ་ཡིན།

ཡིག་དྲུག་གི་དབྱངས་རྟ་སྙན་ཞིང་།

ལྷག་བསམ་གྱིས་ཐུགས་རྒྱུད་ཕྱུག་པའི།

ཡ་རབས་དང་གཤིས་འཇམ་གྱི་ཞིང་ས།

ཁ་བའི་ལྗོངས།

ཨ་ཕས་ཞི་བདེ་ཡི་དན་རྟགས་ཉི་མར་བཀོད་ཡོད།

ཨ་མས་བྱམས་བརྩེ་ཡི་ས་བོན་འཛིན་མར་བཏབ་ཡོད།

ང་ཚོས་ཕུགས་བསམ་གྱི་འབྲས་བཟང་སྨིན་པར་རེ་ཡོད།

ཨ་་་་་ཁ་བ་བོད།

ཡབ་ཡུམ་གྱི་ཤེས་རབ་དང་བྱམས་བརྩེ།

འུ་ཅག་གི་ལ་རྒྱ་ཡིན།

འུ་ཅག་གི་རེ་བ་ཡིན།


  • ལེ་ཚན་སྔོན་མ།:འཇིག་རྟེན་གྱི་འོད། གནམ་འོག་གི་མཛེས་པ།
  • ལེ་ཚན་རྗེས་མ།:ཀ་རྩོམ་ཕུགས་ཀྱི་འདུན་མ།