ཀ་རྩོམ་ཕུགས་ཀྱི་འདུན་མ།

པད་མ་སངས་རྒྱས།        2017-09-04

ཀྭ་ཡེ་ཕུགས་འདུན་གཅིག་པའི་སྤུན་གྲོགས་རྣམས།།

ཁ་བའི་ལྗོངས་ཀྱི་མེས་པོའི་རྒྱུན་འཛིན་གྱུར།།

ག་ལེ་མ་འདུག་རང་རིགས་ལས་ལ་བརྩོན།།

ང་ཡིས་བཅོས་མིན་དྲན་འཆར་འདི་ན་བྲིས།།

ཅ་ཅོའི་གཏམ་ལ་ཉན་ནས་རུས་མ་བརྗེད།།

ཆ་རྐྱེན་མ་བལྟ་སློབ་སྦྱོང་འབད་པར་དགོས།།

ཇ་ཁང་ཆང་ཁང་སྤངས་ནས་ཡ་རབས་འབད།།

ཉ་རྒྱས་ཟླ་བཞིན་རྨོངས་པའི་མུན་པ་སེལ།།

ཏ་ཐྰ་ག་ཏའི་བསྟན་ལ་རབ་དད་ནས།།

ཐ་མ་ད་ལྟའི་དུས་འདིར་ཞི་བདེ་འོང་།།

ད་ནི་རང་གི་དམིགས་ཡུལ་བཙལ་ནས་ནི།།

ན་གཞོན་དུས་ཚོད་འཕྲོ་བརླག་མ་གཏོང་ཞིག།

པ་སངས་དཀར་པོའི་བྱ་བ་སྒྲུབ་པ་ལ།།

ཕ་ཡུལ་འཛུགས་སྐྲུན་རང་ལ་རག་ལས་མོད།།

བ་མོའི་འོ་མས་ལུས་ཟུངས་གསོ་བ་བཞིན།།

མ་བཟང་བུ་མོ་སྲོལ་བཟང་དར་སྤེལ་གྱིས།།

ཙ་རའི་སྨྱུག་མའི་གཟུགས་བྱད་མེད་གྱུར་ཀྱང་།།

ཚ་གྲང་ཁྱད་གསོད་གནང་དང་གྲོགས་པོ་ཚོ།།

ཛ་དྲག་ཆེ་བའི་དུས་རབས་ཉེར་གཅིག་འདིར།།

ཝ་མོ་གཡོ་སྒྱུའི་ཁ་ལ་མ་ཉན་རོགས།།

ཞ་འོན་མིན་ན་མི་རིགས་གཞན་ལ་ལྟོས།།

ཟ་མའི་བཅུད་བཟང་ཤ་མར་ཐུད་བཅས་ལ།།

འ་ཅག་ཡབ་མེས་ལྷད་མེད་འཚོ་རྟེན་ཡིན།།

ཡ་རབས་མི་ཡི་རིགས་ལ་འབད་པར་རིགས།།

ར་མ་ལུག་བསྲེས་སྐད་དང་ཆ་ལུགས་སྤོང་།།

ལ་རྒྱའི་ཚིག་དེ་སྙིང་ལ་བརྐོས་གྱུར་ནས།།

ཤ་ཚའི་གཏམ་ལ་ཉོན་དང་བདུད་རྩི་ལགས།།

ས་ལའི་སྨན་ལྗོངས་གནས་མཆོག་ཞིང་ས་རུ།།

ཧ་ཅང་གཅེས་པའི་ཆོས་དང་རིག་གཞུང་ལ།།

ཨ་རོག་གྲོགས་ཚོས་འབད་ཅིང་དེང་རབས་བཟུང་།།

ཨི་གོ་ལོ་འགའ་གྱུར་པའི་སློབ་གྲོགས་ཚོ།།

ཨུ་ཚུགས་སྤངས་ནས་ལུགས་གཉིས་སེམས་ལ་ཟུངས་།།

ཨེ་མ་སྔོན་ཐོན་གོ་ལའི་སྒང་པ་རུ།།

ཨོ་ཟོབ་མིན་པར་གྲགས་པ་དོན་ལྡན་ཕྱིར།།

གྲོགས་མཆོག་རྣམས་ཀྱིས་རང་ནས་གང་ཡོད་ལ།།

གྲོགས་མེད་གྱུར་ཀྱང་འབད་པར་རིགས་པ་ཡིན།།

གྲོགས་ཀྱི་དམ་པ་ཁྱེད་ཅག་འབྲལ་ཁའི་དུས།།

གྲོགས་དམན་བདགག་གིས་སྨྲས་འདི་དགེ་ལེགས་ཤོག།


  • ལེ་ཚན་སྔོན་མ།:བུ་རབས་ཚ་རྒྱུད།
  • ལེ་ཚན་རྗེས་མ།:ཕ་ཡུལ་ལ་བསྟོད་པ།