གངས་ཆར། 2017-09-04
འཇིག་རྟེན་གྱི་འོད།
གོ་ལ་ཧྲིལ་པོའི་ཁྱོན་དུ་ཁྱབ་དུས།
གནམ་འོག་གི་མཛེས་པ་ཡོད་ཚད།
རླབས་ཆེན་གྱི་མ་ཡུམ་ཉིད་ལས་བྱུང་།
ལོ་ཟླའི་ཁ་ཆར་བུ་ཡུག་གི་ཁྲོད་དུ།
བུ་ཕྲུག་གི་ཁ་ལུད་སྣ་ལུད་ཕྱིས་བཞིན།
འཇམ་པའི་གོས། ཞིམ་པའི་ཟས། སྙན་པའི་གཏམ།
ཐམས་ཅད་ཀྱི་ཡོད་ཚད་བུ་ཕྲུག་གི་ཆེད་དུ་བསམ།
སྔ་མོ་ཞིག་ནས།
ངེད་ཚོའི་ཕ་མེས་ཀྱི་ངག་རྒྱུན་དུ།
ཤེས་རིག་གིས་ཤེས་རྨོངས་ཀྱི་མུན་ནག་ལས་འགྲོལ་ཐུབ།
ཤེས་རིག་གི་ལམ་དུ་བཞུད་ན་བདེ་སྐྱིད་ཀྱི་ཐ་སྙད་ལ་བསྙེགས་ཐུབ།
ཤེས་རིག་ནི་འགྲོ་བ་མིའི་རིགས་ཀྱི་ཆེས་མཛེས་པའི་རྒྱན་ཆ་ཡིན་ཟེར།
ཤེས་རིག་གི་ཆེད་དུ།
བུ་ཕྲུག་རྣམས་རིམ་བཞིན་ནར་སོན་རྗེས།
ཀ་ཁ་དང་འཐབ་པའི་ལོ་ཟླས་བསུ་ཆང་གིས་ཕེབས་བསུ་ཞུས།
འཚར་ལོངས་ཁྲོད་ཀྱི་ལོ་ཟླ།
ཁྱེད་ཀྱིས་བུ་ཕྲུག་ལ་ཞེན་པའི་བརྩེ་བ་དྲོན་མོ་དང་།
ཁྱེད་ཀྱིས་བུ་ཕྲུག་ལ་བཅོལ་བའི་རེ་བའི་ས་བོན་ཡིན།
ལོ་ཟླ་དེ་དག་ནི་ཁྱེད་ཀྱི་རྔུལ་ཆུ་དྭངས་མ་དང་།
བརྩེ་བ་དེ་དག་ནི་ལོ་ཟླའི་གསེབ་ཏུ་གབ་པའི་དཔང་པོ་ཉག་གཅིག་གོ།
རྒས་བཞིན་པའི་ཁྱེད་ཉིད།
དུང་ལྟར་དཀར་བའི་དབུ་སྐྲ་དང་རྔ་གཡུག་ལྟར་གུག་པའི་ལུས་པོ།
ལྡབ་ལྡིབ་སྨྲ་བའི་སྐད་ཆ་དང་དྲན་པ་མི་གསལ་བའི་དབང་པོ།
དེ་དག་ཐམས་ཅད་ནི་ཁྱེད་ཉིད་རྒས་པའི་འདུས་གཟུགས་ཤིག
འཇིག་རྟེན་གྱི་འོད།
གནམ་འོག་གི་མཛེས་པ་དག་དྲིན་ཅན་གྱི་མ་ཡུམ་ཉིད་ལས་བྱུང་།
མ་ཡུམ་ལགས། ནམ་ཞག་རྒྱུན་དུ་ཡིད་ཀྱི་མཚོ་མོའི་ངོས་སུ་འཆར་
བ་ཁྱེད་ཀྱི་བཞིན་རས་ཡིན་ལ།
དྲན་པའི་མེ་ལོང་ངོས་སུ་འཆར་བ་ཡང་ཁྱེད་ཀྱི་ལྷད་མེད་པའི་བརྩེ་བ་
དྲོན་མོ་འདི་ཡིན།
འཁོར་བའི་དབྱིངས་སུ།
རླབས་ཆེན་མ་ཡུམ་གྱི་ངོ་སོ་དགུང་ནས་དགུང་དུ་བསྟོད་དོ།
རྩོམ་གསར། 10