གངས་ཆར། 2017-08-28
ལུས་ཀྱི་ལང་ཚོ་སྨིན་ཡང་། །
སེམས་ཀྱི་ལྟ་བ་མ་སྨིན། །
སེམས་ཀྱི་ལྟ་བ་སྨིན་ཡང་། །
ལུས་ཀྱི་འགྲུལ་བཞུད་མ་སྨིན། །
གང་ནས་ཡོང་བ་ཤེས་ཀྱང་། །
གང་དུ་བཞུད་དགོས་མི་ཤེས། །
གང་དུ་བཞུད་དགོས་ཤེས་ཀྱང་། །
བཞུད་རྒྱུའི་ལམ་ལ་མི་དགའ། །
སྨྲ་བ་ཉུང་ན་ལེགས་ཀྱང་། །
སྨྲ་བ་མང་བར་མཁས་སོང་། །
སྨྲ་བ་མང་བར་མཁས་ཀྱང་། །
དགོས་ངེས་གཏམ་འདི་དཀོན་འདུག །
རང་སྐྱོན་རང་གིས་མཐོང་དཀའ། །
གཞན་སྐྱོན་རང་གིས་མཐོང་སླ། །
གཞན་སྐྱོན་གཞན་གྱིས་བཅོས་ཀྱང་། །
རང་སྐྱོན་རང་གིས་བཅོས་དཀའ། །
ན་གཞོན་འདུ་འཛིར་དགའ་བས། །
ལང་ཚོ་བརླགས་པ་ཤེས་ཀྱང་། །
ལང་ཚོར་དམ་འཛིན་བྱེད་དུས། །
ལང་ཚོའི་མེ་ཏོག་རྙིད་ཟིན། །
གཟུགས་པོར་དོ་སྣང་བྱ་རྒྱུ། །
གཞོན་ནུའི་དུས་ནས་ཤེས་ཀྱང་། །
དངོས་སུ་དོ་སྣང་བྱེད་དུས། །
རྒན་རྒོན་དུས་ལ་སླེབས་ཟིན། །
ཤེས་རིག་ཡོན་ཏན་སྦྱང་རྒྱུ། །
སློབ་ཕྲུག་དུས་ནས་ཤེས་ཀྱང་། །
དངོས་སུ་སྦྱོང་བའི་དུས་ན། །
སློབ་གྲྭ་མཐར་ཕྱིན་ཟིན་བཞག །
ཕ་མའི་བཀའ་དྲིན་འཇལ་རྒྱུ། །
གཞོན་ནུའི་དུས་ནས་ཤེས་ཀྱང་། །
དངོས་སུ་བཀའ་དྲིན་འཇལ་དུས། །
ཡབ་ཡུམ་དགུང་ལོ་བགྲེས་སོང་། །
མི་ཡིས་མི་ལ་བལྟས་ན། །
མི་དང་མི་རྣམས་མི་མཚུངས། །
ཐ་སྙད་ཚད་མས་བལྟས་ན། །
ཤ་རུས་ཁྲག་གི་ཕུང་པོ། །
སྐད་དང་ཡི་གེའི་རིན་ཐང་། །
གླེང་མཁན་ནམ་མཁའི་སྐར་ཚོགས། །
ཁ་ནས་གླེང་བ་མ་གཏོགས། །
བཀོལ་སྤྱོད་བྱེད་མཁན་ཉུང་བ། །
དེ་རིང་བྱ་བ་དེ་རིང་། །
ངེས་པར་བསྒྲུབ་དགོས་ཟེར་གྱིས། །
ཉིན་མོ་དེ་རིང་འཆར་དུས། །
ལས་ཀ་སང་འགྱང་གནངས་འགྱང་། །
སེམས་པ་མི་སྐྱིད་ཟེར་ནས། །
ཨར་ཁང་ནང་དུ་ཕྱིན་སོང་། །
ཨར་ཁང་ནང་ལ་ཕྱིན་ན། །
སེམས་ནད་སྨན་པ་ཨེ་ཡོད། །
སེམས་པ་སྐྱོ་བའི་དུས་སུ། །
རང་ལ་འཁང་ར་མ་བྱེད། །
རང་ཉིད་རང་གི་བདེ་བ། །
སུས་ཀྱང་བཙོང་མཁན་མེད་དོ། །
བསམ་མནོ་སྔོན་དུ་བཏང་ན། །
མཁས་པ་ཡིན་ནོ་ཟེར་ཡང་། །
བསམ་བློ་རྗེས་ལ་འཁོར་དུས། །
བླུན་པོའི་ཚུལ་ཞིག་མཐོང་བྱུང་། །
རང་གི་བྱས་པའི་ལས་ལ། །
གནོང་འགྱོད་སྐྱེས་པ་གྲངས་མེད། །
མ་མཐའི་ཀུན་སྤྱོད་མེད་ན། །
གནོང་འགྱོད་སྐྱེས་ཀྱང་ཅི་བྱེད། །
སྐད་ཆ་ཁ་ནས་བཤད་ཀྱང་། །
གང་བསམ་སེམས་ལ་ཡོད་དོ། །
ཁ་སེམས་མཐུན་པོ་མེད་ན། །
ཁ་འདི་འོ་བརྒྱལ་ཆེ་རོགས། །
འགྲོ་བ་མིའི་རིགས་ཡིན་ན། །
མི་ཡི་ཆ་ལུགས་ཚང་དགོས། །
སྐྱེ་བ་མི་རུ་བླངས་ཀྱང་། །
མི་གཞི་ངན་ན་ཅི་བྱེད། །
ཟང་ཟིང་འཁོར་བ་འདི་རུ། །
ཡོད་ཚད་ཟང་ཟིང་འགྱུར་དུས། །
རང་ཉིད་རང་གི་སེམས་པ། །
ཅིས་ཀྱང་ལྷིང་འཇགས་དགོས་ངེས། །
ལུས་ཀྱི་བདེ་བ་སྐད་ཅིག །
སེམས་ཀྱི་བདེ་བ་ནམ་ཞར། །
ལུས་སེམས་གཉིས་ཀ་བདེ་ན། །
བདེ་བའི་ནང་གི་མཆོག་ཡིན། །
རང་ཉིད་རང་གི་མགོན་ཡིན། །
རང་ཉིད་དགྲ་ནི་རང་ཡིན། །
རང་ལ་བདེ་བ་དགོས་ན། །
རང་རང་སོ་སོས་འཚོལ་དགོས། །
རྩོམ་གསར། 10