རླུང་བསིལ་མོ་དེ་ང་ཡིན།

སྟག་རིག་འབྲུག་ཐར།        2017-08-28

རླུང་བསིལ་མོ་དེ་ང་ཡིན།

ལྗང་ནེམ་ནེམ་གྱི་ལམ་སྣ་འདྲེན་པ་དེ་ང་ཡིན།

འོད་ཆེམ་ཆེམ་གྱི་ཉི་ཟླ་བསུ་མཁན་དེ་ང་ཡིན།

གངས་རིའི་རྒྱན་ཆར་གྱུར་བའི་བྱ་གླག་གི་བསུ་མ་དེ་ང་ཡིན།

གནམ་རུའི་རྒྱུད་ལས་འཕོས་པའི་མདའ་མོའི་གཡབ་མོ་དེ་ང་ཡིན།

ཡང་ཞིང་གཡོ་བའི་མཚན་ཉིད་ཐོགས་པ་ནས།

དུས་བཞིའི་བཞེངས་བཀོད་སེམས་ལ་སྒོམ་པ་དེ་ང་ཁོ་ནའོ།།

གངས་རིའི་འདོད་བློ་དེ་ང་ལའང་ཡོད།

རྩྭ་ཐང་གི་ཕུགས་བསམ་དེ་ང་ལའང་ཡོད།

རླུང་འཇམ་པོ་དེ་ང་ཡིན།

སྦྲ་རོག་རོག་གི་སྒོ་དར་འཕྱར་བ་དེ་ང་ཡིན།

སྔོ་ཡུག་ཡུག་གི་སྙེ་མ་སྒུལ་མཁན་དེ་ང་ཡིན།

རྒྱ་མཚོའི་མཐའ་རུ་འཕྱུར་བའི་ལང་ལོང་གི་དབུགས་རྒྱུད་དེ་ང་ཡིན།

འབྱམས་ཀླས་བྱེ་ཐང་གི་སྨུག་རྒྱུའི་གར་སྟབས་དེ་ང་ཡིན།

ཡང་ཞིང་གཡོ་བའི་མཚན་ཉིད་ཐོགས་པ་ནས།

ཉིན་མཚན་ཀུན་ཏུ་བརྩོན་པའི་ཡུ་བ་བརྡར་མཁན་དེ་ང་ཁོ་ནའོ།།

རྒྱུ་འབྲས་ཀྱི་ཐིག་སྐུད་དེ་ང་ལའང་ཡོད།

བདེན་རྫུན་གྱི་དཔང་པོ་དེ་ང་ལའང་ཡོད།

མར་ཕྱུར་གཡང་དུ་འཁྱིལ་དུས་ངས་དྭངས་གཙང་གི་གླུ་ཆུང་བླངས་མྱོང་།

བང་བ་འབྲུ་ཡིས་བཀང་དུས་ངས་སྟངས་སྟབས་ཀྱི་བྲོ་གར་འཁྲབ་མྱོང་།

ང་གཟུགས་མེད་ཀྱི་རླུང་བུ་ཡིན་ཡང་།

མཛའ་མོའི་མིག་ཀོང་དུ་རྩེན་པའི་འཛུམ་རིས་རྐུ་མཁན་དེ་ང་མིན།

རྒོད་པོས་ཐག་རིང་ལ་བརྐྱངས་པའི་བྱང་ལམ་གསུབ་མཁན་དེ་ང་མིན།

ང་རང་ཁ་ཆར་དང་ལྷན་དུ།

ང་རང་གྲིབ་གཟུགས་དང་མཉམ་དུ།

གཤོག་ཟུང་གི་ལྡེམ་ཤུགས་ལ་འཐམས་ནས།

ཇོ་མོ་གླང་མའི་རི་ཟོམ་ལ་འཕྱན་མྱོང་།

ཡར་ཀླུང་གཙང་པོའི་རླབས་སྒྲ་ལ་ཁེན་མྱོང་།

རྒྱུ་ཕྱོགས་འཇམ་པོའི་རླུང་བུ་ང་།

རེག་བྱ་རྣོ་བའི་རླུང་བུ་ང་།

མཐོངས་དབྱིངས་ཟླ་བའི་ཡིད་ཀྱི་འཁྱུད་ས་ཡིན།

དམའ་མོ་ནགས་ཀྱི་སེམས་པའི་དཔུང་རོགས་ཡིན།

ཟླ་བ་ཚང་ལ་བཞུད་ཤུལ་དུ།

ནགས་ཚལ་གཅེར་བུར་ལུས་ཤུལ་དུ།

རླུང་བུ་ངའི་རྒྱུ་རོགས་སུ་ཡིན།

རླུང་བུ་ངའི་འཚོ་རོགས་སུ་ཡིན།

ང་ལ་དཔངས་མཐོ་བའི་ཁང་བརྩེགས་ཀྱི་རྔམ་བརྗིད་མི་མཁོ།

ང་ལ་འགྲོས་མྱུར་བའི་དེང་རབས་ཀྱི་འཕྲུལ་ཤུགས་མི་དགོས།

ནམ་འཕང་གཅོད་པའི་སེམས་ལྡན་དེ།

རྐྱལ་རྩལ་ངོམ་པའི་སེམས་ལྡན་དེ།

བཟང་ན་ངན་ན་ངའི་འཇིག་རྟེན་གྱི་རྩེད་ཡ་ཡིན།

བཟང་ན་ངན་ན་ངའི་འཇིག་རྟེན་གྱི་དོ་ཟླ་ཡིན།

རླུང་བསིལ་མོ་དེ་ང་ཡིན།

རླུང་འཇམ་པོ་དེ་ང་ཡིན།


  • ལེ་ཚན་སྔོན་མ།:སྙན་ངག་ཚན་པ་གཉིས།
  • ལེ་ཚན་རྗེས་མ།:ངས་བལྟས་ན།