བརྩེ་སེམས་པདྨ་རང་གྲོལ།

གཟབ་ཉན་པ།        2020-06-19

དག་པ་ལྷ་ཡི་ཁམས་ཀྱི།།

བརྩེ་བའི་ལྷ་དང་ལྷ་མོ།།

ཞེ་འདང་མདུད་པ་ཐེབས་ན།།

ལས་འཕྲོ་ཨ་ཡིག་གནང་རོགས།།


སྙིང་མཐུན་འཛོམས་པའི་སྐལ་བ།།

རྨི་ལམ་ནང་ལ་རྨིས་སོང་།།

ཐུན་བརྡའི་གཡེར་དྲིལ་སྐྱ་བོས།།

གྱེས་བྲལ་ཞེ་ལ་བསྐོས་སོང་།།


རི་སྟོད་ཁ་བ་དཀར་བོ།།

རི་སྨད་མཚོ་ཆུང་ནོར་བུ།།

རི་རྒྱུད་གཅིག་ལ་འཛོམས་ཀྱང་།།

མཇལ་འཕྲད་ས་དང་ནམ་མཁའ།།


སེམས་པ་འདྲིས་དོན་མེད་ཀྱང་།།

ཟུར་མིག་མདའ་མོས་འཛུགས་ནས།།

ཞེན་ཆགས་སྙིང་ལ་བརྐོས་ན།།

མི་འདྲིས་རང་དབང་མི་འདུག།


ལུས་སེམས་ཤ་སྐྱི་སྙི་མོ།།

སྲེག་འདོད་ཞེ་ན་མེད་ཀྱང་།།

སོ་སོའི་འཚོ་བའི་འདུན་མས།།

མི་སྲེག་རང་དབང་མི་འདུག།


སེམས་པ་སོང་བའི་མི་ལ།།

ཡིད་ཀྱི་འཕྲིན་ཞིག་བྲིས་ཀྱང་།།

སྡེ་ཆེན་བུ་དང་བུ་མོས།།

མི་ཁའི་མདའ་མོ་སྐོར་ཡོང་།།


ནམ་མཁའི་དགུ་ཚིགས་སྐྱ་བོས།།

རྒྱུ་སྐར་སྐར་སྟོང་ཕྲག་སྦྲེལ་ཀྱང་།།

ང་དང་སྙིང་སྡུག་མེ་ཏོག།

གཏན་དུ་འབྲེལ་ཐབས་མ་བྱུང་།།


དྲན་པའི་སྨུག་སྤྲིན་སྐྱ་བོས།།

ཚེ་སྟོད་ཚེ་སྨད་གཡོགས་ཀྱང་།

དཀོན་མཆོག་ལྷ་ལ་བཅོལ་བའི།།

ལས་དེ་འགྱུར་བ་མི་འདུག།


དམ་ཚིག་སོ་སྐུད་མདུད་པ།།

འདི་ཕྱི་ཟམ་པར་བཙུགས་ཀྱང་།།

ལས་འཕྲོ་མདུད་པ་མེད་ན།།

གཏན་དུ་མདུད་ཐབས་མི་འདུག།


དགའ་སྐྱོ་ཨ་ལོང་སྤེལ་མ།།

འཁོར་བའི་སྙིང་བར་སྦས་ཀྱང་།།

སྙིང་སྡུག་པདྨ་དཀར་བོར།།

སྐྱོ་འཛུམ་འདབ་བརྒྱ་གྲོལ་ཡོང་།།


གཞོན་སེམས་སྣང་བ་ཁྲ་བོ།།

དྲན་པའི་སོར་རྩེས་བརྒྱུས་ན།།

མི་ཚེའི་ཚེ་སྟོད་ཚེ་སྨད།།

སྐྱིད་དང་སྡུག་གི་ལྷན་པ།།


ཚེ་འདི་ལ་རྟིང་སླེབས་ཀྱང་།།

ཞེན་ཆགས་གྲོལ་རྒྱུ་མེད་པ།།

གཉེན་པོ་མེད་པ་མ་རེད།།

ཤ་རུས་བརྐོས་པས་ལན་སོང་།།


ན་ཆུང་དུས་ཀྱི་ཞལ་འཛུམ།།

ལས་ཀྱིས་གནང་བ་མ་བྱུང་།།

མི་ཚེ་ད་ཚོད་ཅིག་ལ།།

སྨྲེང་སེམས་ཁུར་བས་ཅི་བྱེད།།


རྟིང་མའི་སྐྱེ་བ་ཞིག་ལ།།

ལས་འཕྲོ་མདུད་པ་ཐེབས་པར།།

དམ་བཅའ་ཞེ་ནས་བཞག་ཀྱང་།།

ཐོད་པའི་ཨ་ཡིག་ཅི་གསལ།།


དང་པོ་སྲོག་གི་དྭངས་མ།།

བར་དུ་དྲན་པའི་གཞི་མ།།

མཐའ་མ་སེམས་ཀྱི་ན་ཟུག།

ན་ཆུང་མཛའ་མཐུན་འདི་རེད།།


སྨྲེ་ངག་རླུང་ལ་བསྐུར་དོན།།

རླུང་བུ་མ་གཏོགས་མི་ཤེས།།

མིག་ཆུ་སེམས་ལ་མྱིད་དོན།།

སྙིང་མཐུན་མ་གཏོགས་སུས་ཤེས།།

  • ལེ་ཚན་སྔོན་མ།:ཨ་ཐང་ཆད་ཤུལ་གྱི་མཆུ་སྒྲོས།
  • ལེ་ཚན་རྗེས་མ།:གཏན་ཚིགས་ཕྱིན་ཅི་ལོག་པ།