རྣོ་ངར། 2020-06-17
ཞེན་ཆགས་ཆུ་རྫིང་གིས་ཐོང་གཤོལ་དྲུད་དེ།།
སྟོང་བསམ་ལག་མཐིལ་དུ་ཀླན་ཀ་བཀྲལ་རྗེས།།
བརྩེ་སེམས་དྲྭ་ཐག་གི་ཆང་རག་ཧུབ་གང་།།
སྲབ་མདའ་བཀྱོག་མཚམས་སུ་བཏུང་དགོས་ཐལ་ཏེ།།
ཁྱོད་རང་བྱ་རྒོད་བཞིན་མཐོངས་ནས་འཕུར་ཞིང་།།
ང་རང་རི་རབ་བཞིན་ས་ལ་བཏིང་མྱོང་།།
འཇིག་རྟེན་ཕྱི་ནང་གི་ཡོ་ལང་སྣ་ཚོགས།།
སྐྱོ་གདུང་ཤུན་ཕྱིན་གྱིས་བསུམ་ཐབས་མེད་ཀྱང་།།
ཕྱི་མིག་ལྕགས་ཟམ་གྱི་བཞུད་སྣེ་རེ་ནས།།
སྨྲེང་ཙམ་ཤུམ་ཙམ་གྱིས་འཕག་འཚག་བསློགས་ཏེ།།
དོན་སྤྱི་རབ་རིབ་ཀྱི་ཁམས་ཆེན་གསེང་ན།།
ལོ་རྒྱུས་ལམ་ཆེན་གྱི་མཁའ་དབྱིངས་བཙུགས་ཡོད།།
གུ་ཡངས་མཚོ་མོ་རུ་དབུགས་རིང་མཐེན་བཞིན།།
གསོལ་འདེབས་མིག་ཆུ་ཡི་རལ་བ་ཤད་རུང་།།
དར་ལྕོག་སད་རྗེས་ཀྱི་སྨིག་རྒྱུའི་ཡལ་འདབ།།
གཟུགས་མེད་ཀོང་བུ་ཡི་གཟི་མདངས་ཀློང་དུ།།
བསོད་ནམས་དར་ཐག་གིས་བཀྱིག་དགོས་བྱུང་སོང་།།
མི་ཡུལ་བརྩེ་དུང་གི་དམྱལ་ཁམས་འདི་རུ།།
ཚུལ་འཆོས་གཡབ་མོ་ཡི་གླེགས་བམ་བསྡམས་ཏེ།།
རང་སེམས་ཆུ་མིག་གི་གཏིང་མའི་གཏིང་མར།།
སྙིང་རྗེའི་མེ་ལོང་དུ་ལག་པས་བསྙབ་ངེས།།
རྩོམ་གསར། 10