བསྐྱུད་མི་བཏུབ་པའི་དེ།

བསྟན་འཛིན་རྣམ་དག        2020-06-15

རི་བོ་ཕ་གའི་རྩེ་རུ་སྨུག་པ་འཁྱུད།།

ཉི་མའི་མདངས་ལ་དམར་སེར་འདུས་ཙ་ན།།

འདི་ནས་ཡར་ལ་བརྩིས་པའི་མི་ལོ་འགའ།།

བཤད་ན་ཚེམས་ཕྲེང་ཟླ་ལྟར་འཛུམ་པ་དང་།།

བསྒོམས་ན་ཡིད་ཀྱི་མེ་ཏོག་གྲོལ་གྱུར་བའི།།

སྨྲ་བསམ་བརྗོད་འདས་དུས་དེའི་སྤྲོ་དགའ་ཉིད།།

ཡང་ཡང་དྲན་ཞིང་ཕྱིར་བལྟས་ལན་འགའ་ཤོར།།

མ་གའི་མཚོ་ཆེན་དབུས་སུ་ངང་བ་འཁོར།།

ཆུ་སྐྱེས་ཞལ་ལ་དཀར་དམར་འཆར་ཙ་ན།།

ལྡོག་སྟེ་བགྲང་ཚེ་མི་ལོ་གཉིས་ཀྱི་སྔོན།།

མི་ཚེ་རི་བོའི་ངོས་ཀྱི་དར་ལྕོག་ཅིག །

དྲན་ལོང་མེད་པར་རླུང་བུས་དབྲལ་ཙ་ན།།

ཚེ་ཡི་དར་ཐག་མུན་པས་གཙེས་པ་དང་།།

ཞེ་ཡི་གུར་ཁང་སྡུག་གི་འཇའ་འོད་ཤར།།


  • ལེ་ཚན་སྔོན་མ།:དྲན་འདུན་དུ་རེ་བ།
  • ལེ་ཚན་རྗེས་མ།:ཨ་ཐང་ཆད་ཤུལ་གྱི་མཆུ་སྒྲོས།