བསྟན་འཛིན་རྣམ་དག 2020-06-15
རི་བོའི་སྤོ་ཡི་དར་ལྕེ་རླུང་གིས་ཁྱེར།།
ཆུ་བོའི་ལང་ཚོ་ཙག་དང་རླུང་གིས་གཅུན།།
ཉི་ཟླའི་ཟེར་བ་སྤྲིན་པར་ཡིབ་སྟངས་དེས།།
མི་རྟག་སྐད་པའི་དོན་དེ་སྙིང་ལ་ཕིགས།།
སྐྱོ་བའི་ཙག་གིས་ལུས་འདི་བརྟོལ་ནས་ཡོང་།།
མགྲིན་པའི་གསེབ་ཏུ་སྨྲེང་བའི་ལུད་པ་ཐོགས།།
སེམས་ཀྱི་མཁའ་ལ་སྤྲིན་པས་སྒྲིབ་པ་དེ།།
བདག་གི་འཁོར་བར་སྨྲེང་བ་འཐིབས་ཚུལ་ཡིན།།
ཞེ་ཡི་ཉི་མ་མུན་པའི་དབྲག་ཏུ་ཡིབ།།
ལོ་ཟླའི་ཁུད་དུ་གནག་མེད་རེག་ཟིག་བྲིས།།
སྨྲེང་བའི་མཚོ་མོ་སྐྱོམས་པའི་གྲུ་ཁ་འདིར།།
ང་རང་ཉིན་གཅིག་གསོན་པར་ཞེད་སྣང་མོད།།
ཕྱི་ཡི་རླུང་བུས་སྐྱོ་བའི་ཤུར་སྒྲ་འབྱིན།།
ནང་གི་ཉེ་དུ་ཀུན་གྱིས་སྨྲེ་སྔགས་འདོན།།
ཀྱེ་ཧུད་ང་ཡི་ནམ་མཁའི་ལྷ་ཚོགས་དག །
སྡུག་ལ་སྡུག་བསྔལ་འདི་འདྲ་བརྩེགས་དོན་ཅི།།
བསྐྱུད་དུ་མེད་པའི་གཏམ་རྒྱུད་ཞེ་ལ་བརྐོས།།
ན་ཟུག་སྟག་ཟླའི་གྲང་ངར་བཞིན་དུ་གཙེས།།
སེམས་འདི་འཁུམས་སོ་སྡུག་གི་མཚོ་མོར་འཐིམས།།
ཀྱེ་ཧུད་ཕ་ལོ་དྲན་པའི་ཉིན་ཞག་རིང་།།
སེམས་འདི་བློང་བློང་གྱུར་པས་དྲན་པ་ཐོར།།
ལུས་འདི་ཨ་ཐང་ཆད་པས་ཚོར་འདུ་ཉམས།།
སྡུག་གི་རབ་མེད་བརྒལ་བའི་ལོ་ཟླ་འདི།།
ཆུ་དང་ཆར་བས་བཀྲུས་ཀྱང་དག་ཐབས་དབེན།།
རྩོམ་གསར། 10