རྟ་ཁྱུ་རི་ནས་འདྲོག་ན་ཟ་ངེ་ཟིང་ངེ་།

རྣོ་ངར།        2020-06-11

རི་ཟོམ་རླུང་གིས་དཀྲུགས་པའི་རྗེས་སུ།།

ལམ་གྱི་ཆུ་བོ་བར་མེད་བཞུར་ཏེ།།

ངུད་གཉིས་ཟིལ་བ་རྡོག་རེའི་སྟེང་གི།

འོད་ཟེར་ཐིགས་པ་ཞིག་ལྟར་འགུལ་ཞིང་།།

གཞུང་ལམ་གྲིབ་མས་རྡུང་བའི་ཚུལ་ལ།།

སྡུག་ཡུས་ཆ་ཤས་རེ་ཡང་ཕོག་བྱུང་།།

སེམས་ཀྱི་གཞུང་ལ་རྟ་ཕོ་འབྲི་བཞིན།།

མི་ཚེའི་ཐག་མདུད་རེ་བཞིན་བཤིག་རྗེས།།

ད་ནི་ལག་ཟུང་དབང་མེད་བསྐུམས་ཏེ།།

ཡིད་ཀྱི་ཆུ་མིག་རྙོག་པར་མི་འདོད།།

སྐར་ཚོགས་ཆུ་ཟོ་འཁུར་བའི་འཁྱམས་སུ།།

གདུང་གླུ་ཧང་ཧང་སྙིང་ཆུང་ལྕུག་ལྕུག།

ཁོག་པའི་མེ་ཡང་ལམ་ལམ་འབར་ཚེ།།

ལས་འཕྲོའི་སྒྲོག་གུ་ཚེ་མགོར་གྲོལ་ཏེ།།

གྲུ་ཤན་དར་གྱི་མཚམས་སྤྲིན་འོག་ནས།།

ཚོགས་དྲུག་འདམ་ལ་བཞུས་པས་ཅི་བྱ།།

སྐྱོ་ངལ་སྐ་རགས་སྡོམ་པའི་ཆུ་རྒྱུན།།

ལོ་མའི་སྐེ་ལ་ཤག་ཤག་འབབ་པས།།

འཚོ་བའི་སྤྲིན་དཀར་ཕྱོགས་བཞིར་ཆད་དེ།།

རླུང་གི་ལྟེང་ཀ་ངུ་བཞིན་ལྡིང་བ།།

 


  • ལེ་ཚན་སྔོན་མ།:བསྔགས་བརྗོད་དད་གསུམ་གྱི་མཆོད་སྤྲིན་དཀར་པོ།
  • ལེ་ཚན་རྗེས་མ།:དྲན་འདུན་དུ་རེ་བ།