བསྔགས་བརྗོད་དད་གསུམ་གྱི་མཆོད་སྤྲིན་དཀར་པོ།

སྦྲ་སྲས་གངས་བུ་འཛུམ་གྲོལ།        2020-06-10

མཚན་དཔེ་གཟི་འོད་ལང་ཚོ་འབར་བའི་སྐུ།།

གསུང་དབྱངས་ཡན་ལག་དྲུག་ཅུ་འཇོ་བའི་གསུང་།།

ཆོས་ཀུན་ཇི་བཞིན་དཔལ་དུ་ཤར་བའི་ཐུགས།།

མཚུངས་མེད་གཤེས་ཚང་བླ་མའི་ཞབས་ལ་འདུད།།

ནོར་འཛིན་བུ་མོའི་ལྟེ་བའི་ཁུག་སོ་རུ།།

མཛད་སྐྱོང་འཕྲིན་ལས་རྒྱས་པའི་སྙན་པས་རྔ།།

བཙན་པོའི་སྐབས་ཀྱི་ཞུམ་མེད་སྙིང་སྟོབས་ཅན།།

དད་གསུམ་ངག་གི་མཆོད་པ་ཁྱོད་ལ་འབུལ།།

འགྲོ་བའི་སྡུག་བསྔལ་མ་ལུས་ཞི་མཛད་པ།།

ལ་རྒྱའི་རྨུ་ཐག་འོད་ཀྱི་གཟི་བྱིན་འབར།།

གཞན་ཕན་ལྷག་བསམ་འོ་མཚོ་ལྡེམ་ལྡེམ་འཁྱིལ།།

དམ་པའི་རྣམ་ཐར་འཛམ་གླིང་ཀུན་ལ་ཁྱབ།།

རབ་དཀར་གངས་རིས་བསྐོར་བའི་དགའ་ཚལ་ནས།།

བྱམས་བརྩེའི་འདབ་མ་གཡོ་བའི་ལྷག་བསམ་ཅན།།

རྨད་བྱུང་ངོ་མཚར་གཏམ་གྱི་མཛེས་སྡུག་འདི།།

གཤེན་ཚང་ནོར་བུ་དབང་རྒྱལ་ཚང་གི་འཛུམ།།

རྣམ་རིག་གྲུབ་མཐའི་ཐབས་ལམ་ཁྱད་ཆོས་པ།།

བདེན་པའི་དཔུང་བ་གྱེན་དུ་སྒྲེང་བའི་བུ།།

མ་གྱུར་འགྲོ་བ་འདྲེན་པའི་དེད་དཔོན་ཁྱོད།།

སེམས་ཅན་ཀུན་ལ་བྱམས་དང་བརྩེ་བས་གཟིགས།།

འཚེ་མེད་ཞི་བདེའི་གསུང་གི་བདུད་རྩིས་ཆར།།

ཡངས་བའི་ས་ཆེན་འཛིན་མའི་ཁྱོན་ལ་འཁྱིལ།།

གསེར་ཞུན་ལུང་རྟོགས་ཚིག་གི་མེ་སྟག་འབར།།

བདེན་པའི་གོང་བཀུར་མགོན་པོ་ཁྱོད་ཉིད་ཡིན།།

སྙིང་རྗེའི་འོ་མ་དཀར་པོའི་རང་མདངས་བཅུད།།

ལྷག་བསམ་ཁ་བ་དཀར་བོའི་ལུས་ཀྱི་ཆ།།

བརྩེ་ཆེན་གཤེན་ཚང་ནོར་བུ་དབང་རྒྱལ་ཚང་།།

དད་པའི་སོར་བཅུའི་གུས་ཕྱག་ཁྱོད་ལ་འབུལ།།



  • ལེ་ཚན་སྔོན་མ།:སྒེའུ་ཁུང་གས་སྲུབས་བརྒྱུད་ནས་ཡིབ་འགྲོ།
  • ལེ་ཚན་རྗེས་མ།:རྟ་ཁྱུ་རི་ནས་འདྲོག་ན་ཟ་ངེ་ཟིང་ངེ་།