མཛུ་གུ་སྤུན་ལྔ།

འཆི་མེད་མགོན་པོ།        2017-07-12

མཛུ་གུ་སྤུན་ལྔ་བཅངས་ཁུ་ཚུར་བྱེད་དུས་ལན་མེད་སྟོབས་ཤུགས་ལྷན་དུ་རྒྱས།

མཛུ་གུ་སོ་སོའི་རིང་ཐུང་མི་གཅིག་བྱེད་ལས་དེ་བཞིན་སྣ་ཚོགས་ངེས།

མཛུ་གུ་སྤུན་ལྔའི་འཛིན་གྲྭ་འདི་ལ་དེ་མཚུངས་ཁྱད་ཆོས་ངང་གིས་རྫོགས།

མཛུ་གུ་སྤུན་ལྔ་བྱམས་སྐྱོང་གོང་བཀུར་ལས་ཀྱིས་གྲུབ་བའི་ཚོགས་པ་ཞིག

བཅོས་མའི་འཛུམ་གྱིས་མི་སེམས་མ་བསླུས་སློབ་རོགས་དམ་པའི་མཛའ་གཅུགས་ཆགས།

ཁ་རྩུབ་ཚིག་གི་རང་མདངས་མ་ནག་བློ་དཀར་བཤེས་ཀྱི་གདམས་པར་ངེས།

གང་ཞིག་ལས་དང་ཚོགས་བསགས་བཟང་པོས་སློབ་ཁང་གཅིག་གི་འཚོ་བའི་ཆར།

དགའ་སྐྱོ་འདྲེས་མའི་ཚོར་བ་དྲོན་མོ་མི་བརྗེད་སེམས་པའི་རྟེན་དུ་བསྐྲུན།

དགའ་ན་འཛུམ་མདངས་ལྷན་དུ་སྟོན་པའི་ན་གཞོན་ལས་མཐུན་རབ་ཏུ་མང་།

སྡུག་ན་སེམས་གསོའི་སྨྲ་བ་གྲངས་མེད་རྒྱབ་བརྟེན་བརྩེ་བའི་རི་རྒྱལ་བརྟན། དེ་ལ་དེ་དང་གང་ལ་གང་འཛོམས་གཞིས་ཁྱིམ་ཡངས་མོའི་སྤང་འདྲ་ན།

ཁ་དོག་སྣ་ཚོགས་རྩྭ་དང་མེ་ཏོག་ཐང་མར་བརྡལ་ན་མི་མཛེས་སམ།།

རྣམ་རིག་རྣོན་པོ་མདུང་མོའི་སོ་ཁར་རྩིས་རིག་གོ་ཁྲབ་རབ་ཏུ་སྙི།

ངག་ལམ་བདེ་མོ་གླིང་བུའི་རྩལ་གྱིས་རྒྱ་བོད་སྙན་ངག་དབྱངས་སུ་དྲངས།

ཡིད་འཛིན་བཟང་པོ་བྲག་གི་ལྡེབས་སུ་རྒྱུན་ཤེས་གཙོ་གནད་ཤར་མར་ཕབ།

རང་དོན་རིགས་དོན་མ་ལུས་འཁྱོངས་མཁན་རིགས་བཟང་རྒྱུད་འཛིན་འདི་ན་གཉོར།

མཛུ་གུ་ལྔ་བཅངས་ཁུ་ཚུར་འདི་ཡིས་རྨོངས་མུན་སྒོ་སྲུང་གཅར་རྒྱུ་ཡིན།

མཛུ་གུ་ལྔ་བརྐྱངས་ལག་པ་འདི་ཡིས་ཤེས་རབ་ལྡེ་མིག་འཕྲོག་རྒྱུ་ཡིན།

མཛུ་གུ་ལྔ་བོ་སོ་སོའི་ས་ནས་སོ་སོའི་འོས་འགན་སྒྲུབ་འོས་ཡོད།

མཛུ་གུ་སྤུན་ལྔའི་འདུ་བྲལ་ཆོས་ཉིད་ལག་པའི་སོར་ལ་ལྟོས་དང་གསལ།


  • ལེ་ཚན་སྔོན་མ།:སྲིད་པའི་གྲོང་ནས་རྙེད་པའི་སྐད་ཆ།
  • ལེ་ཚན་རྗེས་མ།:ཡིད་དཀར་བའི་གཞེན་སྐུལ།