ཡིད་དཀར་བའི་གཞེན་སྐུལ།

ཏྲེ་ཧོར་ཉི་ཆུང་།        2017-07-12

ལོ་འགྲོས་མུ་ཏིག་གྲངས་ཀྱི་སྲད་བུའི་རྒྱུད་ལ་ངེས་བསྟར་ན་མཐོ་བའི།

མཁྱེན་རབ་ཟླ་བའི་མ་མར་རྣམ་མང་ཡོན་ཏན་ནོར་གྱིས་གཏམས་པ་དང་།

འཆད་ཁྲིད་རྩོམ་ལ་ལྷག་ཏུ་གཞོལ་བའི་ཉམས་མྱོང་དབྱིག་གིས་ཆེས་ལྕི་བའི།

སྲིད་ན་རྙེད་དཀའི་བཤེས་གཉེན་རྣམས་ལ་བསམ་སྦྱོར་གྱིས་བཀུར་སློབ་བུར་བྱོས།

འཐོར་རླུང་ཁྲོད་ཀྱི་ཤོག་སྐྱ་ཇི་བཞིན་བློ་གཏང་དབེན་པའི་ལེ་ལོ་དང་།

ཕྱི་རོལ་ཡུལ་ལ་སེམས་ཀྱི་རྟ་ཕོ་མ་འདུལ་རྣམ་གཡེང་དབང་ཁྱེར་ཅིང་།

ནམ་ཡང་འབད་བརྩོན་མདའ་མོས་ཤེས་བྱའི་འབེན་ལ་མི་སྣུན་སྒྱིད་ལུག་གིས།

ངེས་མེད་ལྡོམ་པོའི་བྱིས་བློ་རིགས་ལ་ཡོན་ཏན་ནམ་ཡང་འབྱུང་བར་དཀོན།

རྒྱན་གྱིས་སྤྲོས་པར་མིན་ཡང་བལྟས་ན་རྣམ་པ་བབ་ཆགས་གཙང་མའི་ལུས།

ཀུན་གྱི་རྣ་བར་ཚུལ་མཐུན་སྨྲ་བ་ཀ་ལ་པིང་ཀའི་རྗེས་འགྲོ་ངག

གནོད་སེམས་ལ་སོགས་སྐྱོན་གྱིས་གོས་མིན་ལེགས་བྱེད་ཐམས་ཅད་བདུད་རྩི་བཞིན།

ཡིད་ལ་བརྣག་པའི་སློབ་མ་དག་ནི་བཤེས་གཉེན་དགྱེས་པའི་མཆོད་སྤྲིན་ངེས།

སྔོན་གོམས་བག་ཆགས་ཟབ་མོའི་སྟབས་ཀྱིས་རིག་རྣོའི་རྨང་གཞི་བརྟན་པོ་ལ།

ད་ལྟའི་ཡིད་འདོད་ཤེས་བྱའི་གནས་ལ་འབད་བརྩོན་ཆུ་བོའི་རྒྱུན་བཞིན་དུ།

བརྟུན་པ་སྐྱེད་དེ་མ་འོངས་མདུན་ལམ་འོད་སྟོང་དཔའ་ལ་འཁུ་བ་རུ།

དོན་གཉེར་བྱེད་པ་རྐང་དྲུག་ཚལ་ལ་ཟློས་གར་སྒྱུར་འདྲ་རེམ་པར་གཅེས།

གཟུགས་མཛེས་འདོད་ཞེན་རབ་ཁྱེར་རིན་ཆེན་རྒྱན་གོས་ཆེར་འགྲན་ང་རྒྱལ་དང་།

རྣམ་གསལ་བློ་རིག་མེ་ལྕེ་འབར་བའི་མདུན་སྐྱོད་མཁན་ལ་ཕྲག་དོག་གིས།

བཟི་བའི་མིག་འབྲས་ཁྲག་ལྟར་དམར་ལ་རྣམ་འགྱུར་ངན་བསྟན་ཕན་ཚུན་དུ།

དབྱེན་དང་དཀྲུགས་བཤིག་ཆོ་ག་མང་པོས་སོ་སོར་འབྱེད་པའི་སློབ་བུ་སྤོངས།

དཀར་ནག་ཡི་གེའི་སྔོན་རྗེས་མིང་གཞི་དག་གསལ་གདངས་ཀྱིས་ཀློག་པའི་ངག

བསྟུངས་མེད་སྒྲ་སྦྱོར་ལྕི་ཡང་མ་འཁྲུལ་ནང་དོན་ཀུན་རྟོགས་བློ་འཛིན་གྱིས།

འབྲུ་དོན་རེ་ཡི་སྣང་བརྙན་ངེས་འཆར་ཉམས་འགྱུར་གསལ་བའི་གྱེར་འདོན་ཕྱིར།

རིག་པ་ལྷག་བསྒྲིམ་གང་གཱའི་རྒྱུན་ལ་སྨོན་པར་རེ་བའི་སློབ་བུར་བྱོས།

ཚིག་སྦྱོར་སྡེབ་ལེགས་དོན་གྱིས་རབ་སྤུད་གཟུགས་མཛེས་བུ་མོའི་མཚར་སྡུག་དང་།

སྔ་ཕྱིའི་འབྲེལ་ཆགས་ཕྲེང་བས་རབ་མཐུན་ལྗགས་རྩེར་འདྲེན་སླ་ཚིག་གི་རྒྱན།

བརྗོད་བྱ་སྙན་འཇེབས་སྒྲ་ཡིས་རབ་ཁེངས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་འདྲའི།

རྩོམ་འབྲི་ཤེས་བྱའི་སྒྱུ་རྩལ་རབ་ཕྱུག་བརྩོན་ལྡན་བློ་གསལ་སློབ་བུར་བྱོས།

མངོན་ལྐོག་དབྱེར་མེད་སྒྲོག་ལམ་ཀུན་སྤྱོད་འོ་དཀར་བྲོ་བའི་རྗེས་སུ་འཇུག

རྟག་བརྟན་འགྱུར་མེད་གྲོགས་མཐུན་བརྩེ་དུང་གསེར་དམར་ཐག་གུའི་ཆོས་དང་མཚུངས།

བཀའ་དྲིན་བརྗེད་མེད་རྒན་བཀུར་སྲི་ཞུ་སྤང་ལྗང་འཛིན་མའི་བཟོད་པ་འཕྲོག

ཕུགས་བསམ་གཞོམ་མེད་ཡིད་ལ་བསྙལ་བར་བརྩོན་འགྲུས་གོ་བགོས་སློབ་བུར་བྱོས།

སྲིད་འདིར་བླ་མེད་ལུས་མཆོག་སྦྱིན་པའི་བྱམས་བརྩེའི་བདག་ཉིད་ཕ་མ་དང་།

ཤེས་བྱ་རེ་ཡང་རིན་ཆེན་འབུམ་གྱིས་བླུ་བྲལ་ལེགས་སྩོལ་དགེ་བའི་བཤེས།

ཡུལ་གྱིས་བསྐལ་ཡང་གནས་གཅིག་ལྷན་འདུས་སློབ་སྦྱོང་ཕྱོགས་སུ་འབུངས་པའི་གྲོགས།

གང་དེར་རང་གི་གློ་དང་མིག་འབྲས་ལས་ཀྱང་མཐོང་བརྩིས་ཇེ་ཆེའི་སློབ་བུར་བྱོས།

དེས་ན་བཅུ་ཕྲག་རིག་པའི་གནས་ལ་འཇུག་འདོད་བློ་གསལ་གཞོན་ནུ་རྣམས།

ནམ་ཡང་མ་བརྗེད་སྤྱོད་ཡོན་ཟུང་ནི་ཉིན་རེ་ལས་ཀྱང་ཡར་རྒྱས་དང་།

དུས་ཚོད་རྒྱུན་ལ་ཅུང་ཟད་ཙམ་ཡང་འཕྲོག་བརླག་མ་གཏོང་གྲོན་ཆུང་གིས།

འབད་པར་བགྱི་ལ་རྣལ་མའི་སེམས་བཟུང་མ་འོངས་བྱས་རྗེས་འབུལ་བར་སྐུལ།


  • ལེ་ཚན་སྔོན་མ།:མཛུ་གུ་སྤུན་ལྔ།
  • ལེ་ཚན་རྗེས་མ།:མགུར་ཐུང་སྐྱོ་ཤེས་མ།