སྲིད་པའི་གྲོང་ནས་རྙེད་པའི་སྐད་ཆ།

བསོད་ནམས་ཤེས་རབ།        2017-07-12

དྲིན་ཆེན་ཕ་མས་བསྐྱངས་པ་འདྲ་ཡང་རྙེད་དཀའི་མི་ཚེར་མཐོ་དམན་ཞིག

ཤ་མར་ཐུད་ཀྱིས་གསོས་པའདྲ་ཡང་ཕྱི་ཡི་གཟུགས་ལ་ཡག་བཙོག་ཅིག

གློ་སྙིང་མཆིན་གྱི་ཆགས་ལུགས་མཚུངས་ཀྱང་ནང་གི་སེམས་ལ་བཟང་ངན་ཞིག

འཇིག་རྟེན་མི་རྟག་འཕྲུལ་གྱི་གྲོང་ནས་འདྲ་མཉམ་ཟེར་བ་སུ་ཡིས་མཐོང་།

ཁྲ་ཆུང་མིག་གི་ལྟ་ཕྱོགས་འདྲ་ཡང་དྲང་བདེན་སྲང་ལ་ཡོ་འཁྱོག་ཅིག

རྣ་བ་ལེབ་མོའི་འཁོར་ཕྱོགས་མཐུན་ཡང་དབྱེན་གྱི་སྤུ་གྲིར་རྣོ་མིན་ཞིག

དམར་ཆུང་ལྕེ་ཡི་འཆགས་སོ་གཅིག་ཀྱང་བཤད་པའི་གཏམ་ལ་བདེན་རྫུན་ཞིག

རྒྱུ་འབྲས་བློ་ཡི་རྣོ་མིག་བར་ནས་བདེན་པ་གཅེར་བུ་ལྷང་ལ་བུད།

དྲིན་ཆེན་ཕ་མའི་རེ་བ་བསམ་ན་བརྩོན་འགྲུས་རྟ་ཕོར་འབྲབ་འདོད་ཅིག

གཏི་མུག་གཉིད་ཀྱི་བདེ་སྣང་དྲན་ན་ལེ་ལོའི་ཐང་ལ་འཁྱམ་སྣང་ཞིག

ཉི་ཤུའི་ན་ཚོད་རླུང་ཁར་ཟད་པའི་རིགས་དམན་བུ་རུལ་ཨ་ཙ་མ།

གཤིན་རྗེ་རྒྱལ་པོའི་བཀའ་ཁྲིམས་འོག་ན་ཀོས་ཐག་མིག་ཆུ་ཐ་ར་ར།།

རྣམ་དཔྱོད་རིག་པའི་དཔུང་ཁ་འགྲན་དུས་རིག་རྟུལ་ཀླད་པ་འཐུམ་སེ་འཐུམ།

དགག་གཞག་མདའ་མོ་ཐོལ་གྱིས་འཕེན་དུས་རིག་དབེན་དབང་རྩ་ལྷོག་སེ་ལྷོག

དགའ་ལྡན་གསེར་ཁྲིར་ཧམ་འདུག་བྱེད་དུས་འཁོས་དམན་སྒྱིད་པ་འདའ་ར་ར།

བློ་དང་རིག་པའི་འགྲན་རྩོད་བར་ན་ཤེས་དམན་ཁོ་བོ་ཨེན་ཙམ་གནོང་།


  • ལེ་ཚན་སྔོན་མ།:སྐྱེལ་མ།
  • ལེ་ཚན་རྗེས་མ།:མཛུ་གུ་སྤུན་ལྔ།