སྐྱེལ་མ།

མགོན་པོ་སྐྱིད།        2017-07-10

འདི་ལྟར་སྐྱེལ་མ་བྱེད་ཐེངས་རེར།

འདི་ལྟར་བདེ་མོ་འཇོག་ཐེངས་རེར།  ངས་རང་སེམས་ཀྱི་སྨོན་པ་རིང་མོ་བཀྲ་ཤིས་དབྱངས་རྟར་བསྐྱོན་གྱིན་བརྩེ་བའི་འཛུམ་རླབས་ཀྱི་ཁ་བཏགས་བཟུང་ནས་སྐྱེལ་མ་བྱས་མྱོང་ལ།  དེ་ནི་མེས་མོ་དང་ཨ་མས་བསླབ་པའི་འཚོ་བའི་གོམས་གཤིས་ཡིན་ཞིང་།  རང་ཉིད་ཤེས་རབ་ཀྱི་བདག་ཉིད་ཅན་དུ་སྐྱེས་པའི་ལྷད་མེད་ཀྱི་རང་གཤིས་སུ་ཡང་གྲུབ་འདུག    མགྲོན་ཕར་འགྲོ་རྒྱབ་ལ་སྐྱེལ་མ་བྱེད་པ་དང་།  མགྲོན་ཚུར་ཡོང་མདུན་ནས་བསུ་མ་བྱེད་མཁན།  ཇ་དཀར་པོའི་ཇ་འགོ་རྒན་ལ་འདྲེན་ཞིང་གོས་དྲོན་པོའི་གོས་སྣ་བུ་ལ་གྱོན་མཁན་ནི་མི་ལོ་སྟོང་ཕྲག་དུ་མའི་རིང་སྦྲ་ནག་དང་ལས་དབང་གཅིག་ཏུ་སྦྲེལ་བའི་བདག་མོ་ཚོའི་འཚོ་བ་རང་གཟུགས་ཡིན་ཞིང་།  གངས་རིའི་པང་ཁུག་ནས་ཁོ་ལག་དང་ལང་ཚོ་རྫོགས་པའི་བོད་མོ་ཚོའི་ཐུན་མིན་གཤིས་ཀའང་ཡིན།

རེ་འདུན་དང་དད་སེམས་ཡོངས་སུ་སྨིན་པའི་དེ་རིང་། བརྩེ་བ་དང་འཛུམ་མདངས་ཁད་ཀྱིས་འཚེར་བའི་དེ་རིང་།  མི་ཚོགས་ཀྱི་འདུ་འཛི་རབ་ཏུ་རྒོད་པའི་ས་ཚིགས་འདིར།  མི་བུ་གང་མང་གིས་ལུས་སེམས་གཉིས་ཀྱི་དགའ་སྐྱོའི་ཚོར་འདུ་དང་བརྩེ་བའི་ཞལ་ཆེམས་ཐོག་ནས་སྐྱེལ་མ་བྱས་དང་བྱེད་ཀྱིན་ཡོད།

བདག་གིས་མིག་ཆུ་དང་སྙིང་གཏམ་གྱི་འཕྲིན་པ་བསྐུར་བཞིན་ཁྱེད་རང་སྐྱེལ་མ་བྱས་ལ།  དགའ་སྐྱོ་འདྲེས་མའི་སེམས་ཀྱི་སྨོན་ཚིག་ཉི་མ་ལྷ་སའི་མཆོད་རྐོང་གི་མར་མེ་ལ་འདྲེན་གྱིན།  ཁྱེད་དང་ཁྱེད་འདྲ་བའི་དབུས་པ་ཚོ་མེ་འཁོར་དུ་སྐྱེལ་མ་བྱས།  རི་རབ་དང་གཙང་པོ་ཐོལ་གྱིས་བརྒལ་ནས་ཉི་མ་ལྷ་སར་བསྐྱོད་པའི་མེ་འཁོར་དེ།  མཛའ་བརྩེ་ཕྱི་ཐག་རིང་བའི་དད་ལྡན་མཇལ་བ་སྟོང་གི་རེ་བའི་ཉི་ཟེར་དང་ཡིད་ཀྱི་སྨོན་པ་ཁུར་ནས་ལམ་ལ་ཆས་སོང་།  མེ་འཁོར་གྱི་དུང་སྒྲས་ང་དང་ང་འདྲ་བའི་སྐྱེལ་མ་མཁན་ཚོའི་མིག་ཆུ་ཉི་མར་སྲེད་ལ།  སྙིང་གཏམ་ཚལ་བུར་བཏང་ཞིང་།  སླར་འཛོམ་ལ་རེ་སྨོན་འབུལ་བའི་སྐྱེལ་མ་མཁན་ཚོའི་གོམ་པའི་འདེགས་འཇོག་འཁྱོར་ལ་སེམས་ཀྱི་འཆར་ཡན་གཏོར་བཞིན་ས་ཆེན་གྱི་བརྒལ་གཞུང་ནས་རི་སྤྱང་གི་ཟིལ་ཤུགས་གཞོམ་གྱིན་བུད་སོང་།

འདི་ལྟར་གྱེས་བྲལ་གྱི་དུས་མཚམས་སྐྱུར་མོར་དགོད་འཛུམ་གྱི་བདེ་མོ་འཇོག་ཐེངས་རེར།  འདི་ལྟར་འདུ་བྲལ་གྱི་ཉིན་ཞག་རེ་ལ་ཞལ་འཛོམ་གྱི་སྨོན་པ་བཅོལ་ཐེངས་རེར།  ང་རང་ཡུལ་ལ་ལོག་ཐེངས་རེ་རེ་ལ་ཨ་མའི་མིག་ཆུ་དང་བྱམས་སེམས་ཀྱི་དྲོད་ཁོལ་གླན་གྱིན་སྐྱེལ་མ་བྱས་པའི་ངང་ཚུལ་དེ་ཡིད་ལ་ཝ་ལེར་དྲན་ཞིང་།  མི་རབས་དུ་མའི་བདག་མོ་ཚོས་འདི་ལྟར་ལོ་རྒྱུས་འཛུམ་གྱིས་བསུས་ཤིང་ལོ་ཟླ་བརྩེ་བས་སྐྱེལ་བའི་ངང་ཚུལ་ཡང་ཡིད་ལ་གསལ་གྱི་ལེར་འཁོར།

འདི་ལྟར་སྐྱེལ་མ་བྱེད་ཐེངས་རེ་རེ། འདི་ལྟར་བདེ་མོ་འཇོག་ཐེངས་རེ་རེ།

དྲོད་ཁོལ་དང་བྱམས་བརྩེ་ཕྱུག་པའི་སྐྱེས་མ་ཚོའི་གཤིས་ཀས་སྦྲུམ་པའི་བྱ་སྤྱོད་ཡིན་ལ།  ཤེས་རབ་དང་སྒྲོལ་མའི་བདག་ཉིད་ཅན་གྱི་ཡུམ་ཆེན་ཚོའི་འཚོ་བའི་ཞབས་རྗེས་ཀྱང་ཡིན་པས།  དེ་ནི་བྱམས་དང་སྙིང་རྗེའི་དྲོད་ཁོལ་རུམ་ནས་མཆེད་པའི་མི་ཡུལ་གྱི་མེ་དཔུང་དང་།  གཞན་ཕན་དང་ལྷག་བསམ་གྱིས་གཏོས་པའི་ས་སྒང་གི་དྲོད་ཀྱི་ཐིག་ལེ་འབའ་ཞིག་ཡིན་འདུག    དེ་བས།  བདེ་མོ་འཇོག་ཐེངས་རེར་སྐྱེལ་མ་བྱེད་སྲིད་ལ།  སྐྱེལ་མ་བྱེད་ཐེངས་རེ་ནི་ཉི་ཟླའི་བརྩེགས་རིམ་ནས་འཕྱུར་བའི་ལོ་རྒྱུས་ཀྱི་གཏམ་རྒྱུད་རེ་ཡིན་ལ།  འདི་ནི་མི་རིགས་ཤིག་གི་འཚོ་བའི་གོམས་གཤིས་ཡིན་ལ་མི་རབས་ཤིག་གི་མ་སྲུ་ཚོའི་བྱམས་བརྩེའི་རང་མདངས་ཡིན་པས།  སྐྱེལ་མ་བྱེད་ཐེངས་རེ་ལ་སྦྲ་ནག་པོའི་ནང་རོལ་གྱི་མ་སྲུ་ཚོའི་འཛུམ་དཀར་གྱི་མེ་ཏོག་བཞད་འདུག


  • ལེ་ཚན་སྔོན་མ།:སྙན་ངག་གི་མེ་ཏོག་ཆུན་པོ།
  • ལེ་ཚན་རྗེས་མ།:སྲིད་པའི་གྲོང་ནས་རྙེད་པའི་སྐད་ཆ།