རང་གི་ལེའུ།

བཀྲ་ཤིས་ཆོས་ལྡན།        2017-06-21

རང་ལྟ་མཆོག་ཏུ་འཛིན་པ་དུག་དུ་མཐོང་།

རང་དང་གཞན་གྱི་དོན་ཆེན་ཁུར་དུ་ལྕི།

རང་བཞིན་བདེ་བ་ཆེན་པོར་རོལ་མཛད་པ།

རང་རེའི་སྟོན་པའི་རྣམ་ཐར་ཡང་ཅིག་དྲན།

 

རང་གཞན་གྲུབ་མཐའ་སྟོང་གི་སྔུན་སོ་ནས།

རང་འདོད་མཆོག་ཏུ་འཛིན་པའི་རྟོག་གེ་བས།

རང་དང་མི་མཐུན་ཁས་ལེན་འགའ་མཆིས་ན།

རང་དབང་མེད་པར་ཐལ་བའི་རྡུལ་བཞིན་བརླག

 

རང་གི་རྗེས་ལུས་གྲིབ་མའི་གཟུགས་མཐོང་ཚེ།

རང་གིས་རང་ཉིད་ད་བཟོད་ངོ་ཤེས་ཀྱང་།

རང་སེམས་རྒོད་པོ་གདོན་གྱིས་བཟི་དྲགས་པས།

རང་གི་གདོང་པ་མཐོང་བའི་སྐལ་བ་བྲལ།

 

རང་ཁྱིམ་དྲོན་ཁོལ་ལྡན་པའི་མལ་ས་ནས།

རང་གཤིས་བལ་ལྟར་འཇམ་པའི་དྲིན་ཅན་མས།

རང་གི་བུ་ལ་འདུན་པ་ཀུན་བཅོལ་ཀྱང་།

རང་ཤེས་མེད་པའི་བུ་ཆུང་རེ་བས་ཕོངས།

 

རང་ཉིད་ཉིན་མཚན་དུས་ཀྱི་འཁོར་ལོ་རུ།

རང་སེམས་བདེ་བའི་ལམ་བཟང་འཚོལ་ཡང་རུང་།

རང་དབང་མེད་པར་སྐྱེ་བའི་ཕྲེང་བ་ཀུན།

རང་ལ་མི་འདོད་སྡུག་བསྔལ་ཆར་བཞིན་འཇོ།

 

རང་ལ་རང་ཆས་ཡོད་པའི་ཤེས་རབ་མིག

རང་འགུལ་མེད་པར་གཞན་གྱི་རྐང་འོག་ནས།

རང་བཞིན་གྱིས་ནི་འགག་ཏུ་མ་བཅུག་པར།

རང་ཤུགས་རང་གིས་འཛིན་པའི་རང་མཐོང་དགོས།

 

རང་བྱུང་ཐོག་མའི་སེམས་ཀྱི་རྣོ་དབལ་ལ།

རང་སྐྱ་ཐུབ་པའི་རྫས་ཀྱིས་གསོས་བཏབ་སྟེ།

རང་དབང་བྲལ་བའི་གླེན་པའི་དད་མོས་དཔུང་།

རང་འཐག་འཕྲུལ་གྱིས་རང་ཚུགས་གཏོར་ལ་རེམས།

 

རང་ལུགས་མཚམས་འཛིན་ཙམ་ཡང་མི་ཤེས་པའི།

རང་སྟོང་གཞན་སྟོང་གླེང་བའི་ཕོད་ཚོད་ཀྱིས།

རང་སྤྱི་མཚན་ཉིད་གཏན་ལ་འབེབས་པ་ནི།

རང་རྒྱུད་དུག་དང་འདྲེས་པ་ཐེ་ཚོམ་མེད།

 

རང་གྲོལ་རང་ལ་བཏགས་པའི་མཁས་པ་དང་།

རང་རྣམ་རང་གིས་བརྫུས་པའི་རྟོག་ལྡན་དང་།

རང་བརྩིས་རང་གིས་བྱེད་པའི་བླ་མ་གསུམ།

རང་ཅག་ཁ་བ་རི་པའི་ལན་ཆགས་ཡིན།

 

རང་བྱུང་སེམས་ཀྱི་ཁོར་ཡུག་མཛེས་པ་ལ།

རང་གཤིས་སྙིགས་མས་ཕྱུག་པའི་ཁེར་རྐྱང་ངར།

རང་བཟོས་གསར་པའི་ལག་རྗེས་མ་བྱུང་ཚེ།

རང་ག་བ་ཡི་མི་བཞིན་ཕན་པ་ཅི།

 

རང་ཡུལ་ལག་མཐིལ་ཙམ་ལས་མ་འགྲིམས་ཀྱང་།

རང་ལྟ་མཆོག་ཏུ་འཛིན་པའི་ཆེན་པོ་དག

རང་དང་མི་འཚམ་བྱ་སྤྱོད་མཐོང་བ་ན།

རང་གི་ནུས་ཤུགས་ཡོ་རྒུས་འཇོམས་པར་བྱེད།

 

རང་ལ་འདོད་པའི་ནོར་རྫས་སྦྱིན་མཁས་པའི།

རང་སྐྱ་ཐུབ་པའི་ལྷ་ཞིག་མ་འགྲུབ་ཀྱང་།

རང་བཞིན་འཇིག་རྟེན་མི་ཡི་རྩེད་ར་ན།

རང་ཉིད་ཁོ་ནར་དབང་བའི་འདྲེ་ཞིག་ཡོད།

 

རང་རྒྱལ་ལྟ་བུའི་སྒེར་སེམས་མ་མཆིས་ཅིང་།

རང་གཞན་དོན་ཆེན་འགྲུབ་པའི་བརྩེ་སེམས་མེད།

རང་ལ་རན་པའི་བསམ་བློ་རྣལ་མ་དག

རང་གི་ཁོར་ཡུག་ཧྲིལ་པོར་སྒྲོག་ན་འདོད།

 

རང་མཚང་ཏིལ་འབྲུ་ཙམ་ཡང་མ་རིག་པའི།

རང་རློམ་མཁའ་ལྟར་ཡངས་པའི་སྐྱེ་བོ་འགས།

རང་ལས་གཞན་པའི་སྐྱེས་མཆོག་མ་མཐོང་ཞིང་།

རང་ཉིད་སྲིད་པ་ཆེན་པོའི་མིག་ཏུ་བསྒོམས།

 

རང་སྐལ་སྲོག་དང་བྲལ་ཡང་མི་གཏོང་བར།

རང་འདོད་འབའ་ཞིག་སྒྲུབ་པའི་ཆོས་པ་དག

རང་རང་འདོད་པའི་ཕྱོགས་སུ་རྒྱུགས་པ་ལས།

རང་གི་གཏམ་གྱི་འདུན་མའི་ལམ་ཆེན་བོར།

 

རང་ཚུགས་སྒལ་བ་ཆག་པའི་མཁྲེགས་འཛིན་དང་།

རང་གཞན་ཐན་དུ་ལྟ་བའི་གཡམ་རྒྱུགས་ཙམ།

རང་སྡེ་རང་གཞུང་འཛིན་ལ་ཆེས་གནོད་པས།

རང་སེམས་གཙང་མ་མཐའ་བྲལ་དབུས་ལ་འཛུལ།


  • ལེ་ཚན་སྔོན་མ།:དུས་བཞིར་བསྔགས་པ།
  • ལེ་ཚན་རྗེས་མ།:སྙིང་གཏམ་ཕར་ལབ་ཚུར་ལབ།