སྙིང་གཏམ་ཕར་ལབ་ཚུར་ལབ།

ལྕགས་བྱམས་སྒྲོལ་མ།        2017-06-21

བསམ་གཞིགས་མཚོ་མོའི་ཀློང་ནས་ཡུན་རིང་དུ་བསྐྱོད་ཅིང་།

བསྡོམས་ཚིག་རིན་ཆེན་བྱུ་རུའི་རྡོག་པོ་གཅིག་རྙེད་པས།

སྨྱུག་ཁ་ཤོག་དཀར་གྲུ་བཞིའི་ལུས་སྟེང་ལ་བཞག་ནས།

འཇིག་རྟེན་ཕོ་མོ་མཆོག་གི་སེམས་གཏིང་དུ་ཞུ་འདོད།

བྲག་སྲིན་རྒྱུད་པ་རེད་ཅེས་སྲིན་མོ་རུ་མ་བསམ།

བསམ་ན་སྐྱེས་བུ་ཐམས་ཅད་རང་བཞིན་གྱིས་དམན་འགྲོ།

འགྲོ་བ་གང་ཡིན་གྲུབ་པ་ལུས་པོ་འདི་གནང་མཁན།

ཨ་མའི་ལུས་ཟུངས་དྲོན་མོའི་ཤ་ཁྲག་དེ་ཁོ་ན།

རང་དབང་མེད་ཅེས་རང་གི་ཡིད་སེམས་ནི་མ་ཕམ།

ཕམ་ཁ་རང་གིས་བླངས་ཏེ་བརྩོན་པ་རང་དོར་ན།

ན་ཆུང་བུ་མོ་ནམ་ཡང་གཞན་ཡུལ་ན་འཚོ་བས།

འཚོ་བ་འདི་ཡི་བྲོ་བའི་ཁ་དོག་དེ་མི་ཤེས།

བཙན་པོ་བླ་མ་དཔོན་པོ་སྐྱེས་མ་ལས་མང་ཡང་།

ཡང་སྙིང་བུད་མེད་མེད་ན་རིགས་རྒྱུད་འདི་སྤེལ་མཁན།

མཁན་པོ་སློབ་དཔོན་དག་ཡང་རང་བཞིན་གྱི་སྟོང་པས།

བུད་མེད་འདི་ཚོ་ངོ་མ་གནམ་ས་ཡི་ཕྱེད་རེད།

མ་ཡིས་གནང་དུས་ཕོ་མོའི་མཚན་མ་ཙམ་མ་གཏོགས།

སུ་དང་གང་ལ་སྟོབས་ཤུགས་ལྷག་མ་ཞིག་བསྩལ་མེད།

མེད་པ་རང་གིས་ཤེས་བཞིན་དམའ་ས་ནས་བསྡད་ན།

བསྐལ་བ་སྟོང་ལ་བུད་མེད་སྐྱེས་པ་ལ་མི་དོ།

སྐྲ་རིང་བློ་ཐུང་མ་ཞེས་མཆིལ་ཞགས་བཞིན་མ་དོར།

བུད་མེད་བཟང་ངན་རང་གི་སྐྱེས་ཁུངས་ཀྱང་དེ་ཡིན།

རང་གི་ཐོབ་ཐང་ཉིད་ཀྱི་སེམས་ཤུགས་ལ་བརྒྱུས་ཏེ།

ཤེས་པ་བརྩོན་པས་དེད་ན་རླུང་རྟ་དེ་དར་འོང་།

ན་ཆུང་བུ་མོ་འཁོར་བའི་གཞིས་ཁྱིམ་ལ་མ་བྲེལ།

རང་གི་རིག་པས་བློ་ལ་ཤོང་ཚད་དེར་འབོད་དང་།

ཕོ་མཆོག་མོ་དམན་ཁྲིམས་ཤིག་སུ་ཡིས་ཀྱང་བཅོས་མེད།

ཕོ་དང་མོ་ཡི་ནུས་པར་ཁྱད་པར་ཞིག་མེད་སྙམ།

ཁྲ་ཁྲ་རིག་རིག་རྒྱན་ཆ་ལུས་སྟེང་ལ་བཏགས་ཏེ།

ཕྱི་ཡི་ཆ་ལུགས་ཙམ་ལས་ཡོན་ཏན་ཞིག་མེད་ན།

ཡག་དང་རྒྱན་ཆ་རི་མགོའི་དར་ལྕོག་བཞིན་ཟད་དུས།

རྒས་པའི་གཉེར་མའི་ཁྲོད་དུ་སྐྱེས་དམན་ཚོ་ལྷག་འགྲོ།

བྱམས་དང་སྙིང་རྗེའི་རྗེ་བཙུན་སྒྲོལ་མ་ཡི་ཐུགས་རྒྱུད།

སྙན་དབྱངས་བདུད་རྩིའི་ཆར་ཕབ་དབྱངས་ཅན་མའི་སྐུ་གཟུགས།།

རིས་མེད་མགོན་དུ་བྱོན་མཁན་དཔལ་ལྷ་མོའི་གསུང་དབྱངས།

མདོར་ན་བདག་ཅག་བུད་མེད་ཚོགས་པ་ཡི་རྒྱན་ཆ།

དེ་བས་ངས་ཀྱང་ཤེས་པ་རྒྱན་ཆར་རུ་འདོགས་འོང་།

ཁྱོད་ཀྱང་ནུས་པ་ཡོད་ཚད་བློ་རིག་ལ་བརྒྱུས་དང་།

ལོ་རྒྱུས་གླེང་ན་མེད་པའི་གླེགས་བམ་གྱི་གུར་ནས།

ང་ཚོས་ལྷན་དུ་མིང་ཐོ་གསར་པ་ཞིག་བཀོད་ཆོག


  • ལེ་ཚན་སྔོན་མ།:རང་གི་ལེའུ།
  • ལེ་ཚན་རྗེས་མ།:ཕ་མར་ཕུལ་བའི་གཞས།