རྣམ་རྒྱལ་ཚེ་རིང་། 2017-06-19
རང་དགོས་མདུན་ལམ་མངོན་འགྱུར་ཡོང་བའི་སླད།།
རང་ཡུལ་བཞག་ནས་མི་ཡུལ་འགྲིམས་པའི་དུས།།
ཐག་རིང་ཨ་ཕའི་རྒྱབ་གཟུགས་སྐྱ་བོ་དེ།།
དྲན་ཐེངས་རེར་ལ་མིག་ཆུས་སྙན་ངག་བྲིས།།
སྐྱ་ཟད་སྔོ་ཐུག་ལོ་ཟླ་རིང་པོའི་ནང་།
རི་གྲོང་འདི་ནས་གཞན་ཡུལ་འགྲིམས་ཉུང་ཞིང་།
ཨ་ཕ་ཁྱེད་ཀྱི་ང་ཚོའི་འཚོ་རྟེན་ཆེད།།
དུས་བཞི་དབྱེ་མེད་རྔུལ་ཆུས་རྒྱུན་ཐག་འབྲེལ།།
དགའ་སྐྱོ་འབྲེལ་མའི་ཀྱག་ཀྱོག་ཤུལ་ལམ་སྟེང་།
གཞན་ཡིད་འཕྲོག་པའི་གོས་ནོར་ཁྱེད་ལ་དབེན།།
ཁྱིམ་མི་དག་གི་ལས་སྐལ་བཟང་པོ་དག།
ཨ་ཕ་ཁྱེད་ཀྱི་གཞལ་མེད་བཀའ་དྲིན་ལགས།།
ཨ་ཕ་མ་ཐུག་སྐབས་ཀྱི་ཉིན་མཚན་ནང་།
བརྗོད་འདོད་སེམས་ཀྱི་སྐད་ཆ་བང་རིམ་བཞིན།།
ཨ་ཕ་འཕྲད་པའི་སྐབས་སུ་བུ་རུལ་ང་།
གང་བཤད་འདི་བཤད་མེད་པའི་ལྐུགས་པ་འདྲ།།
ས་འཛིན་དཀར་པོ་ཁྱེད་ཀྱི་ཐུགས་རྒྱུད་བཞིན།།
འགྱུར་མེད་རྡོ་རྗེ་ཁྱེད་ཀྱི་བློ་རྩ་ཡིན།།
དབྱངས་གསལ་སོ་བཞིའི་དབྱངས་རྟ་སྙན་མོ་ཡིས།།
ཨ་ཕའི་ཕྱོགས་ལ་འཚམས་འདྲི་ཚིག་གསུམ་འབུལ།།
རྩོམ་གསར། 10