རང་བྱུང་ལྷ་མོ།

ཧྲང་སྲང་སྨྱུག        2020-05-06

མཉེན་ལྕུག་ལུས་ལ་བབ་ཆགས་ཕྱི་གོས་གསོལ།།

གནག་སྣུམ་སྐྲ་ལོ་རྐེད་པའི་བར་དུ་ལྷོད།།

ལྷན་སྐྱེས་གདོང་ལ་དཀར་དམར་ཅུང་བྱུགས་པའི།།

དུས་རབས་འདི་ཡི་ལྷ་མོ་ཁྱེད་རང་ལགས།།

གསར་བཞད་པད་མའི་མདངས་ལྡན་བཞིན་རས་ལ།།

འདོད་ཞེན་སྐྱེས་བུ་འཛིན་པའི་མིག་ཟུང་ཅན།།

ཅུང་ཟད་གནོང་བའི་ཚུལ་གྱི་བཞུགས་པ་ན།།

གཞན་ཡིད་འཕྲོག་པའི་རྩེ་མོ་སྔར་བས་རྣོ།།

ལང་ཚོའི་ཨུཏྤལ་ཞལ་བག་འཛུམ་པའི་ཚེ།།

སྙེ་མ་ལོང་བའི་རྩེ་མོ་མ་མཐོ་བར།།

ཞལ་རས་ཕྱེད་བཀབ་དུད་པའི་གཤིས་ཉམས་ཀྱིས།།

མཛེས་པའི་སེམས་པ་བསྐྱུངས་ཚུལ་དེ་ལས་རྣོ།།

རྣ་ཉན་དཀར་པོས་འདུ་འཛི་ལེགས་བཀབ་ཅིང་།།

བྲིས་པའི་སྨིན་པ་མིག་དང་དཔེ་ཆའི་བར།།

ཀེམ་ཀེམ་གཡོ་ལས་འགུལ་ཙམ་མི་བྱེད་པར།།

ཐོས་པ་གཉེར་བའི་ན་མཉམ་ཚུར་ལ་བྱོན།།

གང་ཚེ་འོད་ཀྱི་དཀར་ཆ་ལེགས་རྫོགས་ཀྱང་།།

ཁྱོད་ནི་མུན་པའི་དབུས་ཀྱི་སྒྲོན་མེ་བཞིན།།

སེམས་ཀྱི་ངོགས་སུ་རྟག་ཏུ་གནས་པ་ཡི།།

རིངས་ནས་སྒོམ་པའི་ལྷ་མོ་ད་ཚུར་བྱོན།།

  


  • ལེ་ཚན་སྔོན་མ།:ང་ཡི་ཉིན་ཐོ།
  • ལེ་ཚན་རྗེས་མ།:དྲིན་ཆེན་མ་ལོ།