དྲིན་ཆེན་མ་ལོ།

སྦྲ་སྲས་གངས་བུ་འཛུམ་གྲོལ།        2020-05-06

འཛུམ་དཀར་མེ་ཏོག་ལྟ་བུའི་དགོད་པའི་འཛུམ།།

འཛུམ་ཞལ་བྱམས་སྐྱོང་བདུད་རྩིའི་ཆབ་རྒྱུན་བྱིན།།

བྱིན་རླབས་འོད་སྣང་ལང་ཚོའི་འདབ་ལག་རྒྱས།།

རྒྱས་པའི་ལྷག་བསམ་དྲོད་ཀྱིས་བསྐྱངས་པའི་མ།།


ལྷག་བསམ་ཆུ་འཛིན་དཀར་བོའི་ཕོ་བྲང་ན།།

འཛུམ་དཀར་ལྷད་མེད་འོ་མའི་རང་མདངས་ཡོད།།

གསེར་མདོག་ཉི་ཟླའི་འོད་སྣང་དཀར་པོ་འདིས།།

ང་དང་མིང་སྲིང་ཡོངས་ལ་རེ་བ་བསྩལ།།


དགེ་བཅུའི་དཔྱིད་དཔལ་དར་བའི་ཕ་ཡུལ་ན།།

ཞི་བདེ་དབྱངས་རྟ་བཀུག་པའི་མགྲིན་བཟང་སྐྱིད།།

རྩྭ་ཐང་མེ་ཏོག་སྣ་བརྒྱའི་དྲི་བསུང་ཁྱབ།།

སྦྲ་ནག་གྲུ་བཞི་ནང་གི་འབྲོག་མོ་སྐྱིད།།


རྟ་ནོར་ལུག་གི་འཕེལ་ཁ་ཁྱོད་ལས་ཚོར།།

སྙིང་རྗེས་ཡིག་དྲུག་མགུར་མ་ཁྱོད་ནས་རྙེད།།

དུང་སེམས་བརྩེ་བ་གསོན་པོའི་མ་ལོ་ལགས།།

གཞིས་ཁྱིམ་གཡང་གི་བདག་མོ་ཁྱོད་རང་ཡིན།།


བསོད་ནམས་ཞིང་ལ་དགེ་བའི་ས་བོན་འདི།།

ཚེ་རབས་རྟེན་བཟང་སྨིན་པའི་བཀྲ་ཤིས་ཡིན།།

བརྩེ་བའི་ཚིག་གསུམ་ཤར་མར་བྲིས་ན་ཡང་།།

དྲིན་ཆེན་ཨ་མའི་དྲིན་ལན་མཚོན་ཐབས་བྲལ།།


ལྷད་མེད་བརྩེ་བ་འཇམ་པའི་ཨ་མ་ལགས།།

དཀར་གསལ་དུང་གི་ཟླ་བ་ཁྱོད་རང་ཡིན།།

མ་རིག་སྲིད་པའི་སྣང་བའི་སྒྲོན་མེ་ཡིན།།

ལག་ཟུང་ཐལ་མོ་སྦྱར་ནས་ཕྱག་གསུམ་འཚལ།།


བརྩེ་བ་དྭངས་གསལ་གྱི་མཚོ་མོ།།

དུང་བའི་བུམ་ཆུང་འདི་དཀར་པོ།།

བྱམས་དང་སྙིང་རྗེ་ཡི་བདག་མོ།།

བཀའ་དྲིན་རི་རབ་ཀྱི་མ་ལོ།།


ལྷད་མེད་བློ་དཀར་གྱི་ཨ་མ།།

འཛུམ་དཀར་བརྩེ་བ་ཡི་ལག་ཟུང་།།

འཚོ་བའི་གཡང་རྟེན་འདི་ཁྱོད་ཡིན།།

སེམས་ཀྱི་དྲོད་ཐིག་འདི་ཁྱོད་ཡིན།།


གཡུ་བྱུར་མུ་ཏིག་གི་མཛེས་རྒྱན།།

ངོ་མཚར་མཛེས་སྡུག་གི་སྒེག་མཉམ།།

གསོམ་དཀར་བཞོ་ཟེའུ་འདི་བཟུང་ནས།།

དགོ་དགོ་དབྱངས་རྟ་འདི་སྐྱིད་པ།།


བརྩེ་ལྡན་ལྷ་མོ་འདི་ཁྱོད་ཡིན།།

རིག་པའི་བདུད་རྩི་འདི་ཁྱོད་ཡིན།།

འཚོ་བའི་རྨི་ལམ་འདི་ཁྱོད།།

གཡང་གི་སྒོ་མོ་འདི་ཁྱོད་ཡིན།།

   


  • ལེ་ཚན་སྔོན་མ།:རང་བྱུང་ལྷ་མོ།
  • ལེ་ཚན་རྗེས་མ།:འབབ་ཚིགས་ཀྱི་དྲན་སྒོ།