གྲུ་ཆར། 2020-04-29
ང་ཡི་ཉིན་ཐོ་ནང་དུ།
ཆ་རྒྱུས་མེད་པའི་མིག་ཆུ་ཐིགས་པ་ཞིག་ལྷུང་།
མིག་ཆུ་དེས་བདག་གི་སེམས་པ་རྡོ་བ་ཞིག་
དང་འདྲ་བར་ཤིན་ཏུ་འཁྱག་པར་གཏོང་།
ང་ཡི་ཉིན་ཐོ་ནང་དུ།
ཁེར་རྐྱང་གི་རྩྭ་རྐང་ཐུར་ཞིག་སྐྱེས།
དེ་ནི་དོན་སྙིང་དབུལ་བའི།
ལོ་གཅིག་གི་བྱ་གཞག་དང་།
བདེ་སྡུག་མཚོན་བྱེད་དུ་གྱུར།
ང་ཡི་ཉིན་ཐོ་ནང་དུ།
མཚན་མོར་དཔོག་དཀའ་བའི་
མུན་ནག་དང་རྨི་ལམ་ལས།
ཉིན་མོ་མཐོང་ཐུབ་པའི་འོད་སྣང་དང་།
འཚོལ་སྙེག་གཞན་ཅི་ཡང་མི་འདུག
ང་ཡི་ཉིན་ཐོ་ནང་དུ།
ཚེ་སྟོད་སེམས་ཁུར་དང་དཀའ་སྡུག
བོར་བའི་བྱིས་པ་ཞིག
ཚེ་སྨད་ན་ཟུག་དང་སྐྱོ་གཏམ་གླེང་བའི་མི་
དར་མ་ཞིག་ཏུ་འགྱུར་བའི་གོ་རིམ་བྲིས།
དེ་ནི་ཤིན་ཏུ་གྲང་བའི་དགུན་
གཞུང་གི་རླུང་ཁ་རུ་གཅེར་རྗེན་
དུ་བུད་པ་ལས་ཀྱང་ཐབས་སྡུག་ཨང་།
ང་ཡི་ཉིན་ཐོ་ནང་གི་འཚོ་བ་ཡོད་
ཚད་ནི་ཤིན་ཏུ་འཁྱག
ཤིན་ཏུ་འཁྱག
དེ་ནི་གཞན་གྱིས་ཚོར་མི་དགོས་པར།
རང་གི་ལག་ཟུང་རང་གི་བྲང་
ཁ་སྦྱར་ན་རྟོགས་ཡོང་།
རྩོམ་གསར། 10