གཡེར་མོ། 2020-04-27
ཟླ་བ་དགུང་ནས་ཤར་བ།།
ཟླ་འོད་དྭངས་ཤིང་བསིལ་བ།།
དྭངས་གཙང་ཆུ་བོ་ཆེན་པོ།།
ཅི་འདྲའི་མཛེས་ཉམས་ལྡན་པ།།
དབྱར་གྱི་ཆར་བ་བབས་བྱུང་།།
ཆར་པས་མེ་ཏོག་བརླན་བྱུང་།།
ཡིད་གཞུང་མེ་ཏོག་ཡག་མོ།།
ང་ཡི་སེམས་སུ་བཞེངས་པ།།
སྒེའུ་ཁུང་མེ་ལོང་ནང་གི།
དྲན་པའི་ན་བུན་ཐར་ཐོར།།
ཁྱོད་ཀྱི་ཕྱོགས་སུ་ཆད་ཚེ།།
སེམས་པ་སྐྱོ་བས་ཁེངས་བྱུང་།།
ལུས་དང་ལུས་ཀྱི་བར་ཐག།
ཆུ་བོའི་མགོ་མཇུག་ཡིན་པ།།
བརྩེ་བ་ཐོག་རིག་བྲལ་བ།།
ལུས་དང་གྲིབ་མ་ཡིན་རེད།།
ཐ་སྙད་དཀར་ནག་བར་ནས།།
སྣང་བའི་མེ་ཏོག་བཞད་ཡོད།།
ཚོར་བ་ལན་གཅིག་ཟློས་ན།།
སྐྱོ་སྐྱོ་སྙིང་ལ་ཞུགས་ཡོང་།།
རྩོམ་གསར། 10