རྟོག་འཆར་སྨིག་རྒྱུའི་རི་མོ།

སྨྱུག་གསར།        2020-04-27

ཆགས་མེད་ཆགས་པའི་ཟོལ་འཆང་སྒེག་ལྡན་མ།།

འཁོར་འདས་སྒྲ་དབྱངས་དཀྲོལ་མཁས་མཚོ་འཁྲུངས་མ།།

ངང་བའི་བུ་མོ་དབྱངས་ཀྱི་རྒྱལ་མོ་ཀྱེ།།

ངག་ལ་འཕྲིན་ལས་སྩོལ་བར་མཐུ་མ་ཆུང་།།


སེམས་སུ་ཚོར་བའི་སྟོན་འདབ་གཡོ་བ་ན།།

ཚིག་གི་མུ་ཏིག་འདར་བའི་ངང་ཚུལ་གྱིས།།

འཁོར་བའི་རྫུ་བག་གྱོན་པའི་སྟེགས་བུ་རུ།།

དབྱངས་ཀྱི་རྒྱུད་སྐུད་ལན་འགར་དཀྲོལ་དགོས་བྱུང་།།


དགའ་སྐྱོའི་སྣང་བ་རྨི་ལམ་སྨིག་རྒྱུའི་ཁྲོད།།

རེ་དོགས་ཟ་ཟིའི་ན་བུན་རྩེན་པ་ན།།

མི་ཡུལ་བྱེ་ཐང་ཉུལ་བའི་མཚོར་ངོགས་སུ།།

འཆར་རྟོག་རླབས་ཀྱི་རི་མོ་ཅི་དགར་བབས།།


ལང་ཚོ་གསར་བའི་དཔྱིད་དཔལ་འཛུམ་པ་ཡི།།

ལྷུང་ལྷུང་བཞུར་བའི་ཕུ་ཆུའི་ཉེ་འགྲམ་ནས།།

འདས་པའི་གཙང་བོར་ཕྱི་མིག་བགྲད་པ་ཡིས།།

ཡིད་ཀྱི་མཚོ་མོར་དགའ་སྐྱོའི་གཏམ་རྒྱུད་འཁོར།།


ངས་ནི་འཚོ་བའི་མེ་ཏོག་བརྩེགས་པའི་ཁྲོད།།

ཞེན་ཆགས་དབྱངས་ཀྱི་རྒྱུད་སྐུད་བཀྲོལ་བའི་རྗེས།།

ཚོར་རླུང་ལྡང་བའི་ཡིད་ཀྱི་གཙང་བོ་རུ།།

ཁྱེད་ཀྱིས་བྲིས་པའི་ཟླ་གཟུགས་གསལ་ལ་མངོན།།


མཚན་ལྗོངས་ཟླ་འོད་གསལ་བའི་རི་གྲོང་ནས།།

གཅིག་པུར་དུང་སེམས་འཚོལ་བའི་གླིང་བུའི་དབྱངས།།

དྲི་བཞོན་ཤིང་རྟས་ཕྱོགས་སུ་ཁུར་བའི་ཤུལ།།

འཇག་སྐྱ་འདར་བའི་སྨྲེང་གཞས་སེམས་སུ་ལྷུང་།།


སྲིད་ན་རྣམ་པར་མཛེས་པའི་ལང་ཚོ་དང་།།

མི་རྣམས་འདོད་པའི་གདུང་བའི་བརྩེ་བ་དག།

མི་རྟག་ཕོ་ཉས་འདེད་པའི་ཚུལ་མཐོང་ན།།

འཇིག་རྟེན་བྱ་གཞག་ཀུན་ལ་ཡིད་གཏད་དབེན།།


ལོ་ཟླའི་ཁྲོད་ནས་གདོང་ལ་རི་མོ་ཆགས།།

སྐྱེ་འཆིའི་ཁྲོད་ནས་སྣང་བའི་རྨི་ལམ་འཁྲུངས།།

སྒྱུ་མའི་སྨིག་རྒྱུ་སེམས་ལ་འཐིམ་པ་ཡིས།།

སྣང་བ་འདི་ལ་འཁྲུལ་བའི་འཇའ་ཚོན་ཤར།།


དམར་མདངས་རྒྱས་པའི་དཔྱིད་ཀྱི་ས་སྲོད་དུ།།

ཞེན་ཆགས་སྨྱུག་རྩེར་གཡོ་བའི་ངང་ཚུལ་གྱིས།།

དབྱངས་ཀྱི་དར་སྐུད་བརྐྱངས་བའི་འགྱུར་ཁུགས་ལས།།

སྙན་ངག་སིལ་སྒྲ་རིང་མོས་སུ་ལ་འབོད།།


ཁོ་བོའི་ཡིད་ཀྱི་འཁྲི་ཤིང་གཡོ་བ་ལས།།

ཚོར་བའི་འདབ་མ་སྐྱོད་པའི་གྲིབ་ནག་གིས།།

བརྗོད་འདོད་སེམས་ཀྱི་སྙིང་རྩ་འགུལ་བ་ན།།

མ་བཅོས་སེམས་ཀྱི་གཞས་ཆུང་ཅིས་མི་ལེན།།

           


  • ལེ་ཚན་སྔོན་མ།:མིའི་བསྟན་བཅོས་གྲ་རྩེ་མ།
  • ལེ་ཚན་རྗེས་མ།:མཛེས་པར་སྒོམ་པའི་མེ་ཏོག