མིའི་བསྟན་བཅོས་གྲ་རྩེ་མ།

ཆོས་བཞིན།        2020-04-24

མིའི་བསྟན་བཅོས་གྲ་རྩེ་མ།

མི་ལས་ལྷག་གྱུར་བླ་མ་མཆོག་གསུམ་ལ།།

མི་ཕྱེད་དད་པའི་ངང་ནས་ཕྱག་འཚལ་ཞིང་།།

མི་ཡི་འཇིག་རྟེན་བདེ་དང་མི་བདེ་བའི།།

མི་ཚོས་བྱ་བའི་ཟུར་ཙམ་གླེང་བར་འདོད།།


མི་དགོས་ཆབ་ཁང་སྒོ་ལ་ལྕགས་སྒོ་ཞིག།

མི་རུང་སྡོད་ཁང་ནང་ལ་སྐྱག་པ་བཏང་།།

མི་ལུགས་མ་རེད་བཟླས་ན་ཚིག་པ་ཟ།།

མི་འདི་མཐོ་རིམ་སྲོག་ཆགས་མ་རེད་དོ།།


མི་དོན་མཐོང་ཚེ་གདོང་ནས་ཁྲོ་ཚུགས་སྟོན།།

མི་ཟས་རིག་ན་ངོ་ལ་འཛུམ་ཆུང་འཁོར།།

མི་མགོ་སྐོར་བར་ཡ་ང་བག་ཚ་མེད།།

མི་སེམས་གདོན་གྱིས་བསླུས་པ་མ་རེད་དམ།།


མི་ལ་མཚང་འབྲུ་གདོང་ལ་སྐུར་བ་འདེབས།།

མི་ཡི་མདུན་དུ་མི་ཙམ་འཁྲབ་སྟོན་བྱེད།།

མི་ངོ་ལོན་ན་མི་གཤིས་མི་དགོས་པའི།།

མི་འདིའི་རིགས་རྣམས་དུད་འགྲོ་ལས་ཀྱང་ལོད།།


མི་ཡི་དགེ་བས་རང་ཉིད་ལེགས་པར་བརྒྱན།།

མི་ལ་རང་གི་ནག་ནོག་མ་ལུས་བགོ།།

མི་སེམས་མེད་དོ་ཟེར་ན་རྒྱང་ཕུད་གཏོང་།།

མི་འོས་པ་རེད་བཟླས་ན་གཅར་རྡུང་བྱེད།།


མི་ལ་མི་ལས་ཟེར་བ་མི་ཆོག་ཟེར།།

མི་ཡི་མིག་དཔེ་རང་གིས་མི་ཡོང་ངོ་།།

མི་གཅིག་བཟའ་རྒྱུ་ལོན་རུང་མི་མགུ་བ།།

མི་རྒྱུ་རང་རྒྱུ་བྱེད་པའི་དཔའ་བོ་ཡོད།།


མི་འདིའི་ཁ་ན་མེད་མུག་མཚོ་མོ་འཁྱིལ།།

མི་འདིར་མེད་པའི་གྲོགས་ཤིག་གླིང་ན་མེད།།

མི་འགྲུབ་བྱ་བ་བསྐྱུར་ནས་བྱོན་སོང་ན།།

མི་སེམས་བདེ་བའི་དུས་རེ་ཨེ་མི་འབྱུང་།།


མི་སྔུན་ཇོ་མོ་ཟེར་བའི་དཔེ་ཞིག་ཡོད།།

མི་ལུས་གླང་མགོ་ཅན་གྱི་དཔོན་ཞིག་ཡོད།།

མི་ཁ་གླིང་ལ་གྲགས་པའི་གཏམ་ཞིག་ཡོད།།

མི་རུང་ཟེར་ན་ཆད་པ་གཅད་སྲོལ་ཡོད།།


མི་ལ་མི་སྙོད་རང་དོན་མི་འགྲུབ་པའི།།

མི་དོན་ཟེར་ན་གད་མོ་བགད་སྤྱད་རེད།།

མི་ཚོས་ཅི་ཞིག་བཤད་ནའང་ཤོད་དུ་ཆུག།

མི་ལུས་བླངས་བ་དོན་མེད་ག་ལ་རུང་།།


མི་ཡི་རྗེ་བོས་མི་ལུགས་མི་ཐོན་ན།།

མི་རྣམས་མགོ་ནས་ཁྲིད་རྒྱུའང་སྐྱུར་ལ་ཐོང་།།

མི་གཏམ་བཤད་པར་རང་དབང་ཡོད་ན་ནི།།

མི་ཡི་བྱ་བྱེད་འདི་དག་ཤོར་ནས་ཐལ།།

༼མི་ཡི་བྱ་ངན་མི་བཤད་ཐུ་མེད་རེད།།༽


མི་རུང་ཟེར་ཡང་འགྱོད་དང་བཤགས་པ་མེད།།

མི་ཆོག་ཟེར་ཡང་ཁྲིམས་ཆད་འཁུར་བ་མིན།།

མི་སེམས་ཡོད་ན་རང་གིས་རང་ལ་དཔྱོད།།

མི་མཐུན་འགལ་རྐྱེན་ཞི་བའི་བཀྲ་ཤིས་ཤོག།

༢༠༢༠་༤་༢༣ཉིན་གུང་ཏྲེ་ཧོར་རྒྱལ་སའི་མདུན་ཐང་གི་རང་ཤག་ཏུ་འདོད་པའི་ཁང་མིག་ཏུ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:བསམ་དཀར་རྒད་པོའི་རྐྱང་གཞས།
  • ལེ་ཚན་རྗེས་མ།:རྟོག་འཆར་སྨིག་རྒྱུའི་རི་མོ།