འཇུ་རབ་གསལ། 2017-05-27
མཚན་སྙན་སྒྲ་བརྒྱའི་མེ་ཏོག་དཀར་པོས་གོ་ལའི་ཁྱོན་ཀུན་དགེ་བར་ཁེབས།།
ལེགས་བྱས་མཛད་པའི་དཔྱིད་རླུང་སོ་མས་རྒྱལ་བསྟན་ལྷུན་པོར་བྱི་དོར་བགྱིས།།
མདོ་སྔགས་ཆོས་ཚུལ་བདུད་རྩིའི་ཆར་རྒྱུན་སྐལ་ལྡན་སྐྱེ་བོའི་གསོས་སུ་ཕབས།།
ངེས་དོན་བསྟན་འགྲོའི་གསལ་བྱེད་གཅིག་པུ་སྐྱབས་མགོན་ཡེ་ཤེས་རྡོ་རྗེར་འདུད།།
གང་གི་ཐུགས་བསྐྱེད་རྟ་བདུན་སྟོབས་ཀྱིས་གདུལ་བྱའི་ཁམས་སུ་ཉེར་དྲངས་པའི།།
ཡང་སྤྲུལ་ངེས་དོན་བསྟན་པའི་ཉི་གཞོན་ཤར་མཐའི་བཙན་པོའི་སྡེ་རུ་བཞད།།
བརྒྱུད་གསུམ་བླ་མའི་བྱིན་རླབས་ཟེགས་མ་ཧུབ་ཀྱིས་བཞེས་པའི་དཔལ་འབར་ཞིང་།།
སྡེ་སྣོད་རིན་ཆེན་ནོར་བུའི་ཕྲེང་བ་ཐུགས་རྒྱུད་གར་མའི་རྒྱན་དུ་བླངས།།
ཐུན་མོང་ཐུན་མིན་རིག་གཞུང་རྒྱ་མཚོ་རྣམ་དཔྱོད་གྲུ་ཡིས་ཕ་མཐར་བརྒལ།།
སྡོམ་གསུམ་གོས་ཀྱིས་མཛེས་པར་བཀླུབས་པ་མཁས་གྲུབ་བྱེ་བའི་གཙུག་རྒྱན་ནོ།།
རིག་གསར་དུག་རླུང་མཁའ་རུ་ལངས་ཤིང་དུས་འགྱུར་བདུད་ཀྱི་གཡབ་མོ་ཡིས།།
ཡངས་པའི་རྒྱལ་ཁམས་མྱ་ངན་མུན་པའི་གཏིང་དུ་ལྷུང་བའི་ངམ་ཁ་ནས།།
རང་ཚུགས་གསེར་གྱི་ཀ་བ་བརྟན་ཞིང་ལྷག་བསམ་ཟླ་བ་རང་བཞེད་ཀྱིས།།
ཆོས་རིག་ཀུ་མུད་འཆི་བསླུ་བྱས་ཤིང་རིགས་ཀྱི་གཅེས་ནོར་གསོན་པར་མཛད།།
འཛམ་གླིང་ནོར་གྱི་ཏོག་ཏུ་མཐོ་བའི་བྷོ་ཊའི་རིག་གཞུང་འོ་མའི་མཚོར།།
སྐད་ཡིག་རྟག་ཆུའི་འབབ་རྒྱུན་ཆད་པར་ཚིག་མཛོད་ཆེན་མོའི་ཡུར་ཆུ་དྲངས།།
བཀའ་བསྟན་ཉི་ཟླ་ཆུ་ལྷར་ཕྱོགས་པར་དཔར་སྐྲུན་རྒྱུ་སྐར་དཔུང་གིས་བཤོལ།།
འཆད་ཉན་གསེར་འཁོར་གཡས་སུ་སྐོར་བར་སི་བོད་རིག་པའི་སློབ་གླིང་དང་།།
ཤྲཱི་སེང་གངས་ལྗོངས་མཁས་པའི་འབྱུང་གནས་རྨང་ནས་བསླངས་པའི་ལེགས་བྱས་མཐོ།།
གངས་ཀྱི་རྒྱལ་སྲས་རིགས་ཀྱི་སེམས་དཔའ་ཀུན་མཁྱེན་ཐུབ་བསྟན་ཉི་མའི་སྡེ།།
ཡང་དར་བསྟན་པའི་ཤིང་རྟ་ཆེན་མོ་གངས་རིའི་མིག་གཅིག་གཟན་དཀར་པ།།
ཤར་ནུབ་རིག་པའི་གཏེར་བརྒྱ་གྲོལ་པའི་ངེས་དོན་མཁས་པའི་རྒྱལ་པོ་སྟེ།།
རྒྱལ་ཁམས་རིག་པས་མངོན་པར་བསྐོར་བའི་མཛངས་མི་དེང་འདིར་ཁྱེད་ལས་སུ།།
དབང་ཐོབ་སེང་གེའི་གཡུ་རལ་རྫོགས་ཤིང་མཚན་གནས་འབྲུག་གི་སྒྲ་ལྡན་ཡང་།།
དཔོན་ཤག་བླ་བྲང་འཁོས་ཆུང་ལས་ཀྱིས་སྐུ་ཚེའི་རིན་ཐང་མ་རྫོགས་པར།།
ཕལ་བས་སྤྱོད་པས་རླབས་ཆེན་མཛད་རྗེས་གངས་དཀར་རི་བོའི་གཏོས་དང་འགྲན།།
བསྟན་པའི་ནང་སྙིང་ནང་ནས་བཤིག་ལ་རྒྱལ་བའི་ལུང་གིས་ཟིན་པ་ཡི།།
དུས་ཀྱི་སྐྱེས་སྤྲུལ་མདའ་ལྔའི་བདག་པོའི་ཕོ་ཉའི་ཚོགས་ཀྱིས་ས་གང་བས།།
དག་སྣང་གསལ་ཆ་རྡུལ་གྱིས་བསྒྲིབས་པའི་བདག་ཡིད་མ་བཅོས་མེ་ལོང་ངོར།།
དད་པའི་གཟུགས་རིས་སྐད་ཅིག་འཆར་བའི་གོ་སྐབས་ཤིན་ཏུ་ཕྲ་ན་ཡང་།།
ཁྱེད་ཀྱི་མཛད་པའི་གསེར་བྲིས་རི་མོར་རྒྱང་ནས་མཇལ་པ་ཙམ་གྱིས་ཀྱང་།།
འགོག་མེད་དྭངས་པའི་དད་པ་དཀར་པོ་སྙིང་གི་སྒྲོམ་དུ་མི་ཤོང་འགྱུར།།
རྩོམ་གསར། 10