སྨིན་སྣང་མཛེས། 2017-05-27
མཐོན་པོ་ཞིག་གི་ངོ་སོ་བསྲུངས་ནས་བྲན་གཡོག་བྱེད་འདོད་མེད།།
དམའ་མོ་ཞིག་གི་མགོ་རུ་ལངས་ནས་དཔོན་པོ་བྱེད་འདོད་མེད།།
འདྲ་བོ་ཞིག་ལ་ཕྲག་དོག་བྱས་ཏེ་རང་གཞན་དཀྲུགས་འདོད་མེད།།
རང་ལ་དབང་བའི་བསམ་བློ་རང་གིས་གཅུན་ན་སྐྱིད་ཅིག་རེད།།
ཕྱུག་པོ་ཞིག་གི་མིང་བྱང་འོག་ནས་གསོག་སྲུང་བྱེད་འདོད་མེད།།
དབུལ་བོ་ཞིག་གི་མེད་མུག་འོག་ནས་ལག་པ་གཟེད་འདོད་མེད།།
གཞན་པ་ཞིག་ལ་མགོ་བོ་བསྙེས་ཏེ་སྐྱིད་ཉལ་བྱེད་འདོད་མེད།།
རང་གིས་བསགས་པའི་རྒྱུ་ནོར་རང་གི་སྤྱད་ན་སྐྱིད་ཅིག་རེད།།
སྔ་མོ་ཞིག་ལ་འགྲོགས་འདྲིས་མྱོང་བའི་མི་དེ་བརྗེད་འདོད་མེད།།
ད་ལྟ་གསར་དུ་འཕྲད་པའི་མི་དེར་ཨ་གསར་བྱེད་འདོད་མེད།།
མ་འདྲིས་ཁ་ཁར་ཕྱིན་པའི་མི་དེར་སྡང་སེམས་སྐྱེ་འདོད་མེད།།
རང་སེམས་རང་ལ་དབང་བའི་དུས་འདི་བདེ་བའི་སྐྱིད་ཅིག་ཡིན།།
ཐུང་ཐུང་བྱས་ན་མི་ཚེ་འདི་ཡང་དུས་ཡུན་སྐད་ཅིག་ཙམ།།
རིང་རིང་བྱས་ན་མི་ཚེ་འདི་ཡང་རྫོགས་མེད་གཏམ་རྒྱུད་ཅིག།
མདོར་ན་མི་ཚེའི་བགྲོད་ལམ་ཡུན་གྱིས་བརྒལ་བའི་དུས་སྐབས་སུ།།
རང་ལུས་རང་ལ་དབང་འདི་བདེ་བའི་རྩ་བར་རློམ་བཞིན་ཡོད།།
ཆེན་པོ་ཞིག་གི་ལས་དོན་འགྲུབ་པའི་དམ་བཅའ་འཇོག་འདོད་མེད།།
ཆུང་ཆུང་ཞིག་གི་གསེང་ནས་ཤེས་མེད་ཚོར་མེད་འཆི་འདོད་མེད།།
རང་གཞན་ཀུན་ལ་ཕན་པའི་བྱ་བ་ཅུང་ཟད་བསྒྲུབ་ཐུབ་ན།།
རང་ཉིད་མི་རུ་སྐྱེས་པའི་དོན་གོ་ཡིན་པར་སེམས་བཞིན་ཡོད།།
གནས་ཡུལ་གང་དུ་ཕྱིན་ནས་སུ་དང་འགྲོགས་པའི་སྐལ་ཡོད་ཀྱང་།།
དུས་དང་གནས་སྟངས་གང་འདྲ་ལུས་སེམས་གཉིས་ཀྱིས་མྱོང་དགོས་ཀྱང་།།
རང་གིས་རང་ལ་ཡིད་རྟོན་ཐུབ་པའི་སེམས་དཔང་རྣལ་མ་ཞིག།
ཡོད་ན་བསམ་དོན་འགྲུབ་པའི་རྒྱུ་ཉིད་ཡིན་ལ་དེ་བཞིན་གཅེས།།
དལ་འབྱོར་རྟེན་བཟང་སྦྱིན་མཁན་ཕ་མ་ཚེ་ཐག་རིང་བར་ཤོག།
འདི་ཕྱིའི་ལམ་སྟོན་མཛད་མཁན་བླ་མ་སྐུ་ཚེ་བརྟན་པར་ཤོག།
ལྷག་པར་ཉམ་ཆུང་བུ་མོའི་ཕུགས་འདུན་རིང་མོ་སྙེག་དུས་སུ།།
རང་ཉིད་རང་ལ་དབང་བའི་བདེ་སྐྱིད་ཉི་མ་རྟག་བརྟན་ཤོག།
རྩོམ་གསར། 10