དབྱར་ཁ་བསུ་བའི་གསོལ་སྟོན་གཤམས།

གངས་བུ།        2017-05-22

དེ་རིང་གི་ཞོགས་པར
བར་སྣང་དང་ལྷུན་པོ
ས་གཞི་དང་ལྗོན་པ་དག
དཔྱིད་ཀྱི་ན་བུན་སྟུག་པོས་བསྒྲིབས

ན་བུན་ཆུ་རྡུལ་ལ་འདྲེས
ས་གཞི་སྨུག་པོས་མདངས་ཀྱིས་འཐིབས
དྲོད་འཇམ་གྱི་རླུང་བུ་ལྡང་ནས
ལྗོན་པའི་ལོ་མ་གཡོ་སྟེ
དབྱར་ཁ་བསུ་བར་བྲེལ་བཞིན་འདུག

དབྱར་ཁ་ནི
མེ་ཏོག་གི་རྒྱ་མཚོ་འཁྱིལ་ཏེ
ནོར་ལུག་གིས་རྩྭ་ཐང་ཁེབས་པར་བྱས་ཡོད
དག་གཙང་གི་ས་གཞིར་དྲོད་འཇམ་ལྡན་ཏེ
རྩི་ཤིང་ལ་གསོན་སྟོབས་རྒྱས་ཡོད་པས
ང་ཚོ་ལའང་འཛུམ་མདངས་ཤིག་སྐྲུན་བཞིན་ཡོད

དེ་བས
ང་ཚོ་མིའི་རིགས་ཀྱིས་ཡུན་རིང་ལ་རེ་ལྟོས་བྱེད
རི་སུལ་ན་ཁམ་བུའི་མེ་ཏོག་བཞད་ཚེ
ཕྱེ་ལེབ་འཕུར་བའི་གཤོག་ཟུང་དང་བསྟུན་ནས
གསོལ་སྟོན་གཤམས་པའི་སྟ་གོན་བྱེད་བཞིན་ཡོད

ལྷག་ཏུ
དེ་རིང་གི་ཞོགས་པར
ཁོ་བོས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དབྱར་ཁ་ལ
ཡིད་འོང་གི་སྙན་ངག་ཅིག་དང་འདྲ་བར
སེམས་ཀྱི་ཟབ་ས་ནས་རོ་མྱོང་བྱ་འདོད

ན་བུན་སྟུག་པོ་འཕྱུར་བས་ས་གཞི་སྨུག་པོར་གྱུར
རླུང་བུ་དལ་གྱིས་ལྡང་སྟེ་ལྗོན་པའི་ལོ་མ་གཡོ་དུས
མི་ཡི་ཚོགས་ནི

རེ་སྒུག་གི་ངང་ནས

འཛུམ་མདངས་དང་བྲེལ་བས་ཁེངས་སོང
འདི་ནི་དབྱར་ཁ་བསུ་བའི་གསོལ་སྟོན་གཤམས་པ་ཡིན

2016/4/26ནུབ་མོར་བྲིས།

2017/5/13ཉིན་ཞུ་དག་བྱས།


  • ལེ་ཚན་སྔོན་མ།:ལྷོད་ལ་བབ་སྟངས་ཤིག
  • ལེ་ཚན་རྗེས་མ།:རང་ཉིད་རང་ལ་དབང་ན་སྐྱིད་ཅིག་རེད།