ཟླ་དྲུག་པའི་ཆར་པ། ༼ཞར་བཀོད་གསུམ། ༽

ལྗང་སྨྱུག        2017-05-27

བྱེའུ་ཆུང་གཤོག་ཁྲ་ཞིག་ཁང་བའི་བད་ཀར་ཡིབས་ནས།།

འཇིག་རྟེན་སྐྱིད་སྡུག་གི་མངར་སྐྱུར་རེས་མོས་མྱོང་ཞིང་།།

ཡུལ་དྲུག་མེ་ཏོག་གི་རྒུམ་བུ་མཉམ་དུ་རོལ་དུས།།

དྲུག་པའི་ཆར་ཟིམ་འདི་ཁྱོད་ཀྱི་ལོངས་སྤྱོད་ཡིན་ཨང་།།

ནམ་ཞིག་ང་རང་ནི་ཚེ་ཡི་འཕེན་པ་གཏོང་དུས།།

དུར་སའི་ཞིང་ཁམས་སུ་རྡོ་དང་ཤིང་གིས་སྟོང་སྟེ།།

དྲུག་པའི་ཆར་ཟིམ་དང་ཡང་ན་ཁ་བ་མཉམ་དུ།།

སྦས་དགོས་ལུང་བསྟན་འདི་རང་གིས་རང་ལ་བརྒྱབ་ཡོད།།

ཆར་གདུགས་སེར་པོ་ཡི་རི་མོ་གསལ་མ་ནོག་རེད།།

སྟེང་གི་ཐིགས་སྒྲའང་རྣ་བའི་བཅུད་དུ་ལེན་ཞིང་།།

ལག་པ་ལག་པ་རུ་འཁྲིལ་བའི་དུས་ཤིག་ཡོད་ན།།

དྲུག་པའི་ཆར་བ་འདི་འུ་གཉིས་སྐལ་བ་ཡིན་བཞག

 

སྟོང་ཉིད་ཀྱི་རབ་བྱེད།

སྟོང་པས་སྟོང་ཉིད་སྟོང་བ་དང་།།

སྟོང་པའི་རྩེ་རུ་ཆོས་རྣམས་གཡོ།།

ཆོས་ཉིད་སྟེང་དུ་སྟོང་བ་འཁྱིལ།།

ཐུབ་པས་གསེར་གྱི་ལོ་མའི་རྩེར།།

གཉུག་མའི་འོད་ཟེར་འབྲི་བར་བྱེད།།

ཕྱེ་ལེབ་གཤོག་པའི་མཁར་ཐོག་ཏུ།།

སྐྱེ་མཆེད་ཚོགས་ཀྱིས་ཕྱི་ནས་སྟོང་།།

བུང་བ་དག་ཀྱང་དར་དིར་གྱིས།།

གྲགས་སྟོང་བརྗོད་བྲལ་ངང་ནས་སྟོང་།།

ལ་ཁའི་ཉི་མ་ཞུ་བ་དང་།།

གྱང་གི་གྲིབ་སོ་གཡོ་བ་དང་།།

གྱང་ཁའི་རྩྭ་སྐྱ་ལྡིང་བ་དང་།།

གཞུང་གི་ཆུ་བོ་བྲི་བ་སོགས།།

གདོད་མའི་རང་གཤིས་འདི་ཀོ་འོ།།

དམར་སེར་སྡེ་ཡི་ཚོགས་དག་གིས།།

ཡེ་དག་སྟོང་ཉིད་འཐུང་ཞིང་ངོམས།།

དེ་དུས་ཐུབ་པ་གསེར་མདོག་ཅན།།

དེ་ལ་འཛུམ་པའི་འོད་ཟེར་འཕྲོ།།

 

གཙུག་ལག་ཁང་ནས་ཕྱིར་མིག་ཤོར་བ།

སྣང་བའི་སྟེང་གི་ཁྲག་ཐིགས་ནི།།

ཁྱེད་ལ་འཕོས་པའི་མེ་ཏོག་ཡིན།།

སེམས་ཀྱི་ལོ་མ་ལྗང་ཁུ་འདི།།

ལྕང་མའི་རྩེ་ནས་ཞབས་བྲོ་འཁྲབ།།

མིག་གི་བུང་བ་ཁྲ་མོ་འདིས།།

ཟུར་མིག་ཅན་ཞིག་འཚོལ་བར་བྱེད།།

ཆོས་ཀྱི་བསྐྱེད་པའི་དུང་སྒྲས་ནི།།

ཏིང་ངེ་འཛིན་ལ་སྐུལ་བར་བྱེད།།

རྨི་ལམ་སེར་པོའི་ཕྱེད་ཀ་དེ།།

བདག་མེད་ཅིག་ལ་སྒོམ་ན་ཡང་།།

བག་ཆགས་སྐུད་པ་ཕྲ་མོ་འདིས།།

ཁྱེད་ལ་མཐུད་ནས་གོམ་ཁ་ལྷོད།།

རྒྱུད་བཟང་གཤིས་ཡག་ལྷ་མོ་ཞིག

གཤོག་པ་ཐོགས་ནས་སེམས་ནང་འཛུལ།།

དུང་ཁ་གདོད་མར་རྒྱ་ཞིག་འདེབས།།

མི་འགྱུར་ཞོ་འཐུང་རུས་སུ་སྦྲུམ།།

འཁོར་བའི་བྱེ་མ་ལ་ཆེན་དུ།།

འོད་ཀྱི་རི་མོ་ཉག་ཅིག་འབྲི།།

 

སྡིག་སྒྲིབ་ཀྱི་རྔུལ་ཆུ།

ཁྱེད་ནི་མེ་ཏོག་གི་བར་ནས་དགོད་ཀྱིན་པ།།

ང་ནི་བྱེ་མ་ཡི་ནང་ནས་ནུར་འགྲོས་བྱས།།

ཆར་ཆུ་ཐིགས་པ་གཅིག་ལ་མི་རེ་ཁྱེད་ཀྱི་གྲིབ་མ་གནོངས་ཤོག

ཕན་དང་མི་ཕན་མི་དོགས་བདག་ལ་ཁྱེད་ཀྱི་དངོས་གྲུབ་སྩོལ་རོགས།

སྟོད་ཉི་མའི་གྲོང་གི་ཚ་བ།།

གཟུགས་སྐྱ་མོའི་སྟེང་གི་རྔུལ་ཆུ།།

ཟླ་བ་སྒྲོལ་མ།། བསིལ་བསིལ་གནོངས་དང་།།


  • ལེ་ཚན་སྔོན་མ།:རིགས་ཀྱི་སེམས་དཔའ། “མི་ཉག་ནས་མི་ཞིག་འཁྲུངས་ཚུལ།”
  • ལེ་ཚན་རྗེས་མ།:རང་ཉིད་རང་ལ་དབང་ན་སྐྱིད་ཅིག་རེད།